༢༠༡༤ ཟླ་ ༧ ཚེས་ ༡༧ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༡༦ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ལྕོག་ལམ་སར་རྟེན་གཞི་བྱས་པའི་ལ་དྭགས་དབུས་གཞུང་ནང་པའི་རིག་གནས་མཐོ་སློབ་ཁང་དུ་ཆིབས་སྒྱུར་བསྐྱངས་ཏེ། ཐོག་མར་མཐོ་སློབ་དེའི་ནང་ཉེ་ཆར་གསར་བཞེངས་གནང་བའི་འཁོར་ལྔ་སྡེ་བཟང་པོའི་སྐུ་བརྙན་ལ་རབ་གནས་དབུ་འབྱེད་མཛད་གྲུབ་མཚམས་མཐོ་སློབ་ཀྱི་ཚོགས་ཁང་ནང་དགེ་ལས་སློབ་ཕྲུག་སྟོང་ཕྲག་བརྒལ་བར་ལམ་སྟོན་བཀའ་སློབ་ཕེབས་དོན།
འདི་ག་ལ་དྭགས་སླེ་ལ་ཡོད་པའི་ཆོས་དང་རིག་གཞུང་གི་བསྟི་གནས་འདི་ནི་ལོ་མང་པོ་ཞིག་ཕྱིན་ཡོད། ལོ་ཡུན་དེའི་རིང་རིམ་བཞིན་ཡར་རྒྱས་ཕྱིན་ཡོད་པ་ལྟ་བུ་རེད། ཕར་ཕྱོགས་དེར་ལམ་སྟོན་སློབ་གྲྭ་སོགས་ཡོད། ཕལ་ཆེར་གྲུབ་འབྲས་གང་ཙམ་ཡག་པོ་ཐོན་འདུག དེར་བརྟེན་ལས་གཞི་འདིའི་ཐོག་དཀའ་ལས་རྒྱག་མཁན་ཚང་མར་ཐུགས་རྗེ་ཆེ་བརྗོད་རྒྱུ་ཡིན། སྤྱིར་བཏང་ང་ཚོས་དེང་དུས་ཀྱི་ཤེས་ཡོན་སློབ་སྦྱོང་བྱས་པ་དང་དུས་མཚུངས་ནང་བསམ་བློའི་རྣམ་དཔྱོད་གོང་སྤེལ་དགོས་པ་མ་ཟད། ལྷག་པར་ཆོས་ཕྱོགས་ཁོ་ནའི་ཐོག་མ་ཡིན་པར་རང་བཞིན་ལྷན་སྐྱེས་སུ་ཡོད་པའི་འགྲོ་བ་མིའི་བཟང་པོའི་ཡོན་ཏན་དང་སྤྱི་ཚོགས་ཡོངས་ལ་ཕན་པའི་བྱམས་བརྩེ། དེ་བཞིན་ཆོས་ལུགས་ཚང་མར་གུས་ཞབས་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དེ་སྔ་རྒྱ་གར་ནང་དུ་ནང་པའི་དགེ་འདུན་པ་ཚོས་རྒྱུ་ནོར་ལ་ཆགས་ཞེན་དང་གསང་སྔགས་ཀྱི་ཆོས་ཚུལ་བཞིན་མ་སྲུང་བའི་དབང་གིས་ནང་པའི་བསྟན་པ་ཉམས་རྒུད་ཕྱིན་ཡོད། དེར་བརྟེན་རྒྱུ་རྐྱེན་དེ་དག་ང་ཚོ་བོད་པར་ཏག་ཏག་ཚང་གི་ཡོད་པ་ལྟ་བུ་འདུག དེ་སྔ་ངོས་ཀྱིས་གྲོགས་པོ་ཁག་གཅིག་ལ་བླ་མ་ལོག་ན། གསང་ཡུམ་བཞེས་པ་རེད། གྲྭ་པ་དཀྱུས་མ་ཞིག་ལོག་ནས་གྲྭ་ལོག ཅེས་དགོན་པ་ནས་ཕྱིར་འབུད་གཏོང་རྒྱུ་དེ་ནི་ནོར་འཁྲུལ་རེད། གྲྭ་ལོག་གཅིག་མཚུངས་རེད། ཅེས་བརྗོད་ཀྱི་ཡོད།
མདོར་ན། གསང་ཡུམ་བཞེས་ཏེ་མི་འདྲ་བ་ཞིག་དགོས་པ་རེད་མ་གཏོགས་ཕག་ཕྲུ་ལྟར་ཁྲིད་ཡོང་ན་ཆོ་རྩ་བ་ནས་མེད། ང་ཚོས་གསང་སྔགས་ལ་བསྙད་འདོགས་བྱས་པ་དང་སྤྱི་ཚོགས་ནས་ཀྱང་བླ་མས་གསང་ཡུམ་བཞེས་འདུག ཅེས་བརྗོད་ན་འགྲིག་གི་མེད། དཔེར་ན། རྒྱ་གར་ནང་ཨ་ནེ་དགོན་པ་ཞིག་ཡོད། དགོན་པ་དེར་མི་ཁག་གཅིག་གིས་ཁྱེད་རང་ཚོ་ཨ་ནེའི་ནང་བསྟན་པར་ཞབས་འདེགས་སྒྲུབ་མཁན་ངོ་མཚར་ཆེ་བའི་ལོ་རྒྱུས་ག་རེ་ག་རེ་ཡོད་དམ། ཞེས་དྲིས་སྐབས་ང་ཚོ་ཨ་ནེའི་ནང་ནས་བླ་མའི་གསང་ཡུམ་བྱེད་མཁན་མང་པོ་ཡོད་ཧ་ཅང་སྐལ་པ་བཟང་པོ་ཡིན། ཞེས་བརྗོད་འདུག བླ་མ་སྡོད་མ་ཚུགས་པ་དང་སྡོམ་པ་སྲུང་མ་ཐུབ་པར་ཨ་ནེའི་སྟེང་ལོག་པ་རེད།
དེར་བརྟེན་རྒྱུ་མཚན་གང་ཡང་མེད་པར་རྨོངས་དད་དབང་གིས་སྐྱབས་སུ་མཆི་ཞེས་པའི་ཐོག་ནས་སྐྱོན་ལྷག་གི་འདུག ངོས་ཀྱིས་དྲང་པོ་དྲང་གཞག་དང་ཁ་རེ་ཁ་ཐུག་ཤོད་ཀྱི་ཡོད། འདི་གར་ཁྱེད་རང་ཚོ་ཨ་ནེ་གང་ཙམ་ཞིག་འདུག གང་ལྟར་གསང་སྔགས་འཆལ་སྤྱོད་ལ་ཕྱིན་ཏེ་ཞབས་འདྲེན་ཞུ་རྒྱུའི་ཉེན་ཁ་འདུག དེ་བཞིན་དགོན་པ་ཁག་གཅིག་གིས་དགོས་རྒྱུའི་བསླབ་པ་སློབ་གཉེར་མ་བྱས་པར། ཆོ་ག་བཏོན་ནས་སྡོད་རྒྱུ་དེ་བསྟན་པ་འཇིག་རྒྱུའི་སྔ་ལྟས་རེད་མ་གཏོགས་ཡག་པོ་མིན། གལ་སྲིད་ངོས་ཀྱི་སྐད་ཆ་ཚ་དྲག་ཡོད་ན་དགོངས་དག་ཞུ་རྒྱུ་ཡིན། ངོས་ཀྱིས་ཁ་རེ་ཁ་ཐུག་ཤོད་ཀྱི་ཡོད་མ་གཏོགས་འདྲ་ཆགས་པོ་ཤོད་ཀྱི་མེད། ང་ཚོ་བོད་པའི་བཤད་སྲོལ་ལ། ཞལ་ཟས་ཁྱིས་འཁྱེར་ཡང་འཛུམ་མུལ་མུལ། །ལྷ་ཁང་མེས་ཚིག་ཀྱང་དགོད་འཚེར་འཚེར། །དེ་ལྟར་བྱས་ན་འགྲིག་གི་མེད། བསྟན་པ་ཉམས་འགྲོ་གི་ཡོད། ཐབས་སྐྱོ་པོའི་གནས་སྟངས་ཐོག་བསྡད་ཡོད་སྟབས་འགྲིག་གི་ཡོད་བསམས་ནས་བསྡད་ན་ཡག་པོ་མི་འདུག བོད་མི་ཡ་ས་དྲུག་གིས་ངོས་ལ་ཡིད་ཆེས་བྱེད་བཞིན་ཡོད་པར་བརྟེན་ངོས་ལ་འགན་ཡོད།
དེར་བརྟེན་འཐུས་ག་ནས་ཤོར་བཞིན་འདུག་ལྟ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དཔེར་ན། སྨན་པར་ཆ་བཞག་ན། ན་ཚ་ཡོད་སར་སྨན་བཅོས་བྱེད་དགོས་པ་རེད་མ་གཏོགས་བདེ་ཐང་ཡིན་ན་སྨན་བཅོས་བྱེད་དགོས་དོན་མེད། དེར་བརྟེན་སྐྱོན་ཡོང་གཞིར་མ་བྱུང་སྔོན་འགོག་བྱེད་རྒྱུ་ཧ་ཅང་གལ་འགངས་ཆེན་པོ་ཆགས་ཡོད། ངོས་རང་ལོ་བརྒྱད་ཅུའི་མཚམས་ལ་བསླེབས་ཡོད། ལོ་བཅུ་དང་ཉི་ཤུའི་རྗེས་ངོས་ཀྱི་མི་ཚེའི་རྫོགས་འགྲོ་གི་རེད། ཁྱེད་རང་ཚོ་ན་གཞོན་ཚོས་ལོ་སུམ་ཅུ་བཞི་བཅུ་སོགས་ལ་བསམ་བློ་གཏོང་དགོས། དེ་བཞིན་ང་ཚོ་བོད་པའི་ཆོས་བརྒྱུད་ཁག་ནང་ཕན་ཚུན་དབར་ཆགས་ཞེན་གྱི་བློ་ཤུགས་ཆེན་པོ་བཟུང་སྟེ། བྱམས་བརྩེའི་བློ་འཛིན་རྒྱུར་ལྷོད་གཡེང་གཏོང་གི་འདུག སྤྱིར་བཏང་བོད་པའི་ཆོས་བརྒྱུད་ཁག་ནས་རང་ཉིད་ཀྱི་ཆོས་བརྒྱུད་ཁོ་ན་བཟུང་སྟེ་ག་ཚོད་འཕག་འཚག་རྒྱག་ཀྱང་ཕན་ཐོགས་མེད། དཔེར་ན། འབྲི་གུང་བཀའ་བརྒྱུད་དང་། དགེ་ལུགས། འབྲུག་པ་བཀའ་བརྒྱུད། ཅེས་ག་ཚོད་འཕག་འཚག་བརྒྱབ་ཀྱང་འཛམ་གླིང་གི་ནང་པ་ཚང་མར་ཁྱབ་ཐུབ་ཀྱི་མ་རེད། དེ་ལས་དཔལ་ནཱ་ལེནྡྲའི་མགོན་པོ་ཀླུ་སྒྲུབ་དང་འཕགས་པ་ཐོགས་མེད་སོགས་ཀྱི་གཞུང་གི་ཐོག་ལ་ཤུགས་རྒྱོབ་དང་། རྒྱ་ནག་ཆ་ཚང་ལ་ཁྱབ་ཐུབ་པ་མ་ཟད། ཉི་ཧོང་དང་། ཀོ་རི་ཡ། ཝི་ཏི་ནམ་སོགས་ལ་ཁྱབ་ཐུབ་ཀྱི་རེད། ང་ཚོས་རིམ་བཞིན་ན་ལེནྡྲའི་གཞུང་ལ་སློབ་སྦྱོང་ཡག་པོ་དང་ཉམས་ལེན་བྱས་ན། ཕལ་ཆེར་འཛམ་གླིང་ནང་གི་ནང་པའི་ཡུལ་གྲུ་ཡོངས་རྫོགས་ལ་ཁྱབ་ཐུབ་པ་ཞིག་ཆགས་ཀྱི་རེད། གང་ལྟར་ང་ཚོས་ཕྱོགས་རིས་ཐོག་བསམ་བློ་བཏང་ནས་ཕྱིན་ན་ཡག་པོ་ཡོང་གི་མ་རེད།
ཁྱེད་རང་ཚོས་སློབ་སྦྱོང་ཡག་པོ་ཞིག་བྱེད་རོགས། སློབ་གཉེར་བྱེད་སྟངས་དེ་ཡང་དཔེ་ཆའི་ནང་ཡོད་པ་ཙམ་ལ་མ་བཞག་པར། རང་ཉིད་ཀྱིས་བསམ་བློ་བཏང་སྟེ་སྡོམ་རྒྱག་ཐུབ་པ་བྱེད་དགོས་སྟབས། དཔེ་ཆ་གུང་བསྒྲིགས་ནས་ལྟ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་སོགས་ཀྱི་ལམ་སྟོན་བཀའ་སློབ་ཇི་ལྟར་མ་ཡིས་བུ་ལ་བརྩེ་བ་བཞིན་བཀའ་དྲིན་ཆེ་བ་སྩལ། །