༢༠༡༤ ཟླ་ ༧ ཚེས་ ༨ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ཞི་བའི་ཚལ་ཕོ་བྲང་གི་ཐང་ཆེན་དུ་མི་དམངས་ཆིག་འབུམ་བརྒལ་བར་སྔོན་འགྲོའི་བཀའ་ཆོས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བ་དབུ་འཛུགས་སྐབས་བཀའ་སློབ་ཕེབས་དོན། དེ་རིང་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་ཆོས་འབྲེལ་བྱ་རྒྱུ་ཡིན། སྤྱིར་བཏང་ཆོས་འཆད་ཉན་སྐབས་བླ་སློབ་གཉིས་ནས་ཀུན་སློང་རྣམ་དག་འཁྱེར་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་བཞིན་ནང་པ་སངས་རྒྱས་པའི་ཆོས་ཤེས་པའི་ཐོག་ནས་དད་པ་བྱེད་རྒྱུ་གལ་འགངས་ཆེན་པོ་ཆགས་ཡོད། དཔེར་ན། སྔ་མོ་བོད་ཁམས་ཀྱི་དགོན་པར་མཁན་པོ་ཞིག་ཡོད་འདུག ཉིན་ཞིག་མི་གཅིག་གིས་དགོན་པ་དེར་ཕྱིན་ནས་མཁན་པོ་མཇལ་དགོས་ཡོད། ཅེས་བརྗོད་འདུག མཁན་པོའི་ཞབས་ཕྱིས་དེ་རིང་མཁན་པོ་སྤོ་བོ་རྨོ་ལ་ཞེད་སྣང་སྐུལ་བར་ཕྱིན་ཏེ་བཞུགས་མེད། ཅེས་བརྗོད་འདུག
དེར་བརྟེན་སྡིག་པ་གསོག་རྒྱུ་མེད། དམྱལ་བ་ཚ་དམྱལ་དང་གྲང་དམྱལ་ལ་ལྷུང་གི་རེད། ཅེས་བརྗོད་ན་མངོན་མཐོ་དོན་གཉེར་བློ་བསྐྱེད་རྒྱུ་ཞིག་མ་གཏོགས་ཐར་པ་དོན་གཉེར་གྱི་བློ་བསྐྱེད་ཐབས་མེད། བཅོམ་ལྡན་འདས་ཀྱིས་སྡུག་བསྔལ་ཤེས་པར་བྱ། ཞེས་པའི་སྡུག་བསྔལ་དེ་འདུ་བྱེད་ཀྱི་སྡུག་བསྔལ་ལ་གསུངས་ཡོད། དེ་སྡུག་བསྔལ་དུ་ཤེས་པའི་ཐོག་ནས་དེ་ལས་བྲལ་བའི་ས་ཐར་པ་རེད། བཅོམ་ལྡན་འདས་ཀྱིས་བདེན་བཞི་གསུངས་དགོས་དོན་དེ་ལྟར་རེད། སངས་རྒྱས་པའི་ཆོས་ནི་ཐར་པ་ངོ་ཤེས་པའི་ཐོག་ནས་གོ་བ་ཙམ་ཞིག་ལས་མེད་རུང། ཐར་པ་ངོ་སྤྲོད་པའི་སྒོ་ནས་དེ་བསྒྲུབ་བསམ་པའི་བློ་བསྐྱེད་ནས་དགའ་བཞིན་སྤྲོ་བཞིན་བརྩོན་འགྲུས་བརྩམ་སྟེ། ཉམས་ལེན་བྱེད་དགོས་པ་ཞིག་རེད་མ་གཏོགས་ཞེད་སྣང་འོག་ནས་བྱ་རྒྱུ་ཞིག་རྩ་བ་ནས་མ་རེད། སྤྱི་ཏི་ཁུལ་གྱི་དགོན་པ་གཅིག་གིས་དབྱར་གནས་ཚོགས་ཏེ་དགག་དབྱེ་གྲོལ་མཚམས་དགེ་འདུན་པ་ཚོ་གླིང་ཁ་གཏོང་བར་བསྐྱོད་ཀྱི་ཡོད་འདུག སྔ་དྲོ་མར་ཡོང་སྐབས་སེར་སྦྲེངས་བསྒྲིགས་ཏེ་ཆོས་འདུལ་བ་བཞིན་ཕེབས་ཀྱི་ཡོད། དགོང་མོ་ལོག་སྐབས་མང་དག་ཅིག་ར་བཟི་ནས་འགྲོ་གི་ཡོད། ཅེས་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས་ངོས་ལ་གསུངས་བྱུང། དེ་རིགས་རྩ་བ་ནས་བྱེད་རྒྱུ་མེད།
ང་ཚོ་གནའ་སྔ་མོ་ནས་དུས་ད་ལྟ་བར་འགྲོ་སྟངས་དེ་ལྟར་རེད། ད་དུང་ཡང་དེ་བཞིན་འགྲོ་རྒྱུ་ཡིན། ཞེས་བརྗོད་རྒྱུ་མེད། དེ་སྔ་ཕན་ཆད་ང་ཚོའི་འགྲོ་སྟངས་མང་པོ་ཞིག་ནོར་འདུག ཆོས་ལུགས་འཐེན་འཁྱེར་དང་ཆགས་སྡང་བྱེད་རྒྱུས་མཚོན་འདུལ་ཁྲིམས་ལ་སྣང་མེད་གཏོང་རྒྱུ་རྣམས་ནོར་འཁྲུལ་ཡིན། མུ་མཐུད་ནས་དེ་ལྟར་ཕྱིན་ན་རྨེག་མེད་དུ་འགྲོ་གི་རེད་མ་གཏོགས་སངས་རྒྱས་ཀྱི་བསྟན་པ་གནས་ཀྱི་མ་རེད། ངོས་ཀྱིས་ཐག་བཅད་ནས་བརྗོད་ཐུབ་པ་ཞིག་རེད། དེ་བཞིན་ལྟོ་གོས་ཀྱི་འགྲོ་སྟངས་མང་པོ་ཞིག་དགོན་པར་འཛུལ་ཞུགས་བྱས་པ་ལས་ལས་རིགས་གཞན་ཐོག་ཕྱིན་ན་ཡག་པ་ཡོད། དགོན་པའི་དགེ་འདུན་པ་དེ་དག་གིས་ཚེ་འདི་དང་ཕྱི་མའི་སྣང་གཞན་རྟོགས་རྒྱུའི་བློ་ཞིག་བསྐྱེད་ཐུབ་པ་བྱུང་ན། རབ་བྱུང་མུ་མཐུད་ཡོང་གི་རེད། དེ་མིན་རྨོངས་དད་དབང་གི་འགྲོ་སྟངས་རྒྱུན་མཐུད་ནས་ཕྱིན་ན་བསྟན་པ་ཡུན་རིང་གནས་རྒྱུ་ཧ་ཅང་ཁག་པོ་རེད། ཅེས་སོགས་ཀྱི་བཀའ་སློབ་དང་དབུ་མ་རིན་ཆེན་ཕྲེང་བའི་བཀའ་ཆོས་དབུ་འཛུགས་མཛད།