༢༠༡༤ ཟླ་ ༧ ཚེས་ ༣ རེས་གཟའ་ཕུར་བུ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གྱི་སྦྱིན་བདག་གཙོ་གྲས་ལ་དྭགས་ནང་པའི་ཚོགས་པ་དང་དགོན་ཚོགས། ཀོང་པོ་དང་ཇོ་ནང་བཅས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་ཐོབ་སྟེ་ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༣ ཉིན་མགོན་པོ་གང་ཉིད་མཆོག་གིས་ལ་དྭགས་ཞི་བའི་ཚལ་ཕོ་བྲང་གི་ཐང་ཆེན་དུ་དཔལ་དུས་འཁོར་དབང་ཆེན་ཐེངས་ ༣༣ པ་དབུ་འཛུགས་མཛད་འདུག
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ པའི་ཐོག་བཞུགས་གནས་ནས་དུང་རྒྱ་སྤོས་སྣེ་སོགས་ཀྱིས་སྔོན་བསུས་ཏེ་ཕོ་བྲང་གི་བཞུགས་ཁྲིར་༸ཞབས་སོར་འཁོད་གྲུབ་མཚམས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེར་འདུས་དད་ལྡན་ཆོས་ཞུ་བ་འབུམ་གཅིག་བརྒལ་བར་སྔོན་འགྲོའི་བཀའ་སློབ་ཕེབས་དོན། དེ་རིང་འདི་གར་འདུས་པའི་ཆོས་ཞུ་བ་ཡོངས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཡོད། སྤྱིར་བཏང་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་དེ་སྔགས་བླ་མའི་རྒྱུད་སྡེ་གཞན་དང་མི་འདྲ་བར། མང་ཚོགས་རྒྱ་ཆེན་པོར་གནང་རྒྱུའི་ཕྱག་སྲོལ་ཞིག་ཡོད། ངོས་ཀྱིས་གླིང་རིན་པོ་ཆེའི་སྐུ་མདུན་ནས་དུས་འཁོར་དབང་ཆེན་ཞུས་པ་རེད། དེ་ནས་རིམ་གྱིས་བོད་ནང་དུས་འཁོར་དབང་ཆེན་ཐེངས་གཉིས་དང་། རྒྱ་གར་དུ་བསླེབས་ནས་ཁྱོན་བསྡོམས་དུས་འཁོར་དབང་ཆེན་ཐེངས་ ༣༠ གནང་ཡོད། ངོས་ཀྱིས་དུས་ཀྱི་འཁོར་ལོའི་ཉམས་ལེན་དམིགས་བསལ་བྱེད་ཐུབ་པ་དེ་འདྲ་མེད། འོན་ཀྱང་ལས་དང་སྨོན་ལམ་གྱི་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད། རྒྱ་གར་དུ་བསླེབས་ནས་དུས་འཁོར་དབང་ཆེན་ཐེངས་དང་པོ་རྡ་སར་གནང་བ་རེད། སྐབས་དེའི་དུས་འཁོར་དབང་ཆེན་ཚར་རྗེས་ངོས་ལ་རྨི་ལམ་དུས་འཁོར་གྱི་དཀྱིལ་འཁོར་སྒང་ལ་བསྡད་ཡོད་པ་ཞིག་བཏང་བྱུང་། དེ་ནས་དུས་འཁོར་དབང་ཆེན་ཐེངས་མང་པོ་བྱེད་དགོས་པའི་ཚོར་བ་བྱུང་། ད་ལྟའི་བར་དུས་འཁོར་དབང་ཆེན་མང་པོ་ཞིག་གནང་བ་རེད། དེའི་དགེ་མཚན་གཅིག་དུས་འཁོར་དབང་ཆེན་གྲགས་པ་ཆེན་པོ་ཡིན་པར་བརྟེན་མི་མང་པོ་འཛོམས་ཀྱི་ཡོད།
ངོས་ཀྱིས་སྐབས་དེར་དགོས་པ་ཆེན་པོ་བརྩིས་ཡོད་པ་ནི་སྔོན་འགྲོའི་ཆོས་བཤད་སྐབས་ནང་ཆོས་ངོ་སྤྲོད་བྱ་རྒྱུ་དེ་རེད། དེར་བརྟེན་མི་མང་ལ་དུས་འཁོར་དབང་ཆེན་ཡོད། ཅེས་བརྗོད་ན་བསྡུས་ཡོང་གི་ཡོད། བསྡུ་དགོས་པའི་དམིགས་ཡུལ་གཙོ་བོ་ནི་ནང་ཆོས་ངོ་སྤྲོད་བྱ་རྒྱུ་དེ་རེད། སྤྱིར་ཚང་མས་ཤེས་གསལ་རེད། འཛམ་གླིང་འདིའི་ཐོག་ཆོས་ལུགས་མང་པོ་ཞིག་ཡོད། སངས་རྒྱས་པའི་ཆོས་ལུགས་མ་བྱུང་གོང་རྒྱ་གར་ནང་གྲངས་ཅན་པའི་ཆོས་ལུགས་བྱུང་ཡོད། དེ་ནས་རིམ་བཞིན་མུ་སྟེགས་པའི་ཆོས་ལུགས་མང་པོ་ཞིག་བྱུང་ཡོད། དེ་བཞིན་ཡི་ཤུ་དང་། ཁ་ཆེ། ཇིའུ་སོགས་ཀྱི་ཆོས་ལུགས་རྒྱ་གར་ནང་དར་སྤེལ་བྱུང་ཡོད། དེར་བརྟེན་དུས་ད་ལྟ་རྒྱ་གར་འཕགས་པའི་ཡུལ་ནི། འཛམ་གླིང་གི་ཆོས་ལུགས་གཙོ་ཆེ་བ་ཚང་མ་ཡོད་སའི་ལུང་པ་ཞིག་ཆགས་ཡོད་པ་མ་ཟད། ཕན་ཚུན་ངོས་འཛིན་ཡོད་པ་ཆགས་ཡོད། རྙོག་གྲ་ཕྲན་བུ་ཡོང་གི་རེད་ཀྱང་། སྤྱི་ཡོངས་ཀྱི་ཆ་ནས་ཧ་ཅང་ཡག་པོ་རེད་འདུག རྒྱ་གར་ནང་ཆོས་ལུགས་ཚང་མ་ཡོད་པ་དེ་འཛམ་གླིང་གི་མིག་དཔེ་འོས་པ་ཞིག་ཆགས་ཡོད། དེང་སང་འཛམ་གླིང་ནང་ཆོས་ཁས་ལེན་མཁན་མི་དུང་ཕྱུར་དྲུག་ཅུ་ཡོད་པ་དང་། ཆོས་ཁས་མི་ལེན་མཁན་དུང་ཕྱུར་བཅུ་ལྷག་ཡོད་པ་ཚང་མ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་མཁན་གཅིག་གྱུར་རེད། དེར་བརྟེན་འགྲོ་བ་མིའི་བཟང་སྤྱོད་ནི་འཛམ་གླིང་གི་མི་ཚང་མར་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་ཏེ་དུས་དབང་དངོས་གཞི་དབུ་འཛུགས་མཛད་འདུག
ཐེངས་འདིའི་དུས་འཁོར་དབང་ཆེན་སྐབས་ལ་དྭགས་པ་དང་། དབྱིན་ཇི། ཀོ་རི་ཡ། རྒྱ་གར། ཨུ་རུ་སུ། ཝི་ཏི་ནམ། ཕ་རན་སི། སི་པན། རྒྱ་ནག སོག་པོ། ཉི་ཧོང་། ཨི་ཊ་ལི་བཅས་སྐད་རིགས་མི་འདྲ་བ་ ༡༢ ནང་གསུང་བསྒྱུར་ཞུ་བཞིན་ཡོད་པ་མ་ཟད། དེ་བཞིན་བོད་སྐད་དང་། དབྱིན་སྐད། ཀོ་རི་ཡ། ཉི་ཧོང་། ཝི་ཏི་ནམ། རྒྱ་ནག་བཅས་ཀྱི་སྐད་ཐོག་ཐད་གཏོང་གནང་གི་ཡོད་འདུག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༧༦ ལོར་ལ་དྭགས་ཀྱི་རྒྱལ་ས་སླེ་དང་། ཕྱི་ལོ་ ༡༩༨༨ ལོར་ཟངས་དཀར་དུ་དུས་འཁོར་དབང་ཆེན་སྩལ་ཡོད་པ་དང་། ཐེངས་འདིར་༸གོང་ས་མཆོག་གིས་ལ་དྭགས་སུ་དུས་འཁོར་དབང་ཆེན་སྩལ་ཐེངས་གསུམ་པ་དེ་ཆགས་ཡོད་འདུག