༢༠༡༤ ཟླ་ ༧ ཚེས་ ༡ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༡ ཉིན་ནས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་དྲུང་འཕར་དོན་གྲུབ་རྡོ་རྗེ་ལགས་ཀྱིས་ཆོས་རིག་ལས་ཁུངས་ཀྱི་དྲུང་ཡིག་ཆེན་མོའི་ལས་གནས་ཐོག་ཕྱག་ལས་གནང་འགོ་བཙུགས་འདུག དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་ཆོས་རིག་ལས་ཁུངས་སུ་ཆོས་རིག་བཀའ་བློན་མཆོག་དབུས་བཞུགས་ཐོག་དྲུང་ཆེ་ནོར་བུ་དོན་ལྡན་ལགས་དང་། འབྲེལ་ཡོད་ལས་བྱེད་རྣམ་པ། རྡ་ས་ཁུལ་གྱི་འབྲེལ་ཡོད་དགོན་སྡེ་སྒྲིག་འཛུགས་ཁག་གི་སྐུ་ཚབ་བཅས་ལྷན་འཛོམས་ཐོག་གསོལ་ཇ་དང་འབྲས་སིལ་ཕུལ་ཏེ་དྲུང་ཆེ་གསར་པའི་ལས་འཁུར་བཞེས་པའི་རྟེན་འབྲེལ་མཛད་སྒོ་སྟབས་བདེ་ཞིག་ཚོགས་ཡོད་འདུག
དྲུང་ཆེ་དོན་གྲུབ་རྡོ་རྗེ་ལགས་ནི་ཕྱི་ལོ་ ༡༩༨༣ ཟླ་ ༣ ཚེས་ ༡༥ ཉིན་ལས་བྱེད་དུ་ཞུགས་ཏེ་གནས་དགུ་པ་ཚོད་ལྟའི་ཐོག་ཏི་ཛུ་སྐད་དྲུང་དུ་བསྐོ་གཞག་གནང། ཕྱི་ལོ་ ༡༩༨༦ ཕྱི་ཟླ་ ༡ ཚེས་ ༢ ཉིན་ནས་ལས་འཁུར་རང་འཇགས་ཐོག་ལས་བྱེད་ངོ་མར་བསྐོ་གཞག་གནང་། ཕྱི་ལོ་ ༡༩༨༨ ཟླ་ ༣ ཚེས་ ༡ ཉིན་ནས་གནས་རིམ་རང་འཇགས་ཐོག་བདེ་སླར་གཞིས་འགོའི་ལས་ཁུངས་སུ་གནས་སྤོས། ཕྱི་ལོ་ ༡༩༩༡ ཟླ་ ༡ ཚེས་ ༡༥ ནས་གནས་བརྒྱད་པར་གནས་སྤར་གྱིས་ཀོ་ལི་གྷལ་མཉམ་དྲུང་དུ་བསྐོ་གཞག་གནང་། ཕྱི་ལོ་ ༡༩༩༢ ཟླ་ ༨ ཚེས་ ༡ ནས་སྡེ་ཚན་འགན་འཛིན་དུ་བསྐོ་གཞག ཕྱི་ལོ་ ༡༩༩༣ ཟླ་ ༧ ཚེས་ ༡ ནས་གནས་རིམ་རང་འཇགས་ཐོག་མོན་གྷོ་མཉམ་དྲུང་དུ་བསྐོ་གཞག ཕྱི་ལོ་ ༡༩༩༣ ཟླ་ ༡༢ ཚེས་ ༦ དྲུང་ལས་གནས་རིམ་དུ་གནས་སྤར། ཕྱི་ལོ་ ༡༩༩༤ ཟླ་ ༡ ཚེས་ ༡༥ ལས་འགན་རང་འཇགས་བསྐོ་གཞག
ཕྱི་ལོ་ ༡༩༩༥ ཟླ་ ༨ ཚེས་ ༡ ཨ་རིར་སློབ་བསྐྱོད། ཕྱི་ལོ་ ༡༩༩༦ ཟླ་ ༡༠ ཚེས་ ༡༡ ཉིན་ནས་བོད་ཀྱི་ཟློ་གར་ཡིག་ཚང་གི་ལས་དྲུང་། ཕྱི་ལོ་ ༡༩༩༧ ཟླ་ ༥ ཚེས་ ༡ ནས་མོན་གྷོ་མཉམ་དྲུང་དུ་བསྐོ་གཞག ཕྱི་ལོ་ ༡༩༩༨ ཟླ་ ༢ ཚེས་ ༢༣ ནས་མེའོ་ཆོས་འཕེལ་གླིང་གི་གཞིས་འགོར་བསྐོ་གཞག ཕྱི་ལོ་ ༡༩༩༩ ཟླ་ ༦ ཚེས་ ༢༥ ནས་གནས་རིམ་རང་འཇགས་ཐོག་ལུགས་བསམ་ས་གནས་འགོ་འཛིན་ལས་ཁང་གི་ས་གནས་འགོ་འཛིན། ཕྱི་ལོ་ ༢༠༠༡ ཟླ་ ༩ ཚེས་ ༥ ནས་གནས་རིམ་རང་འཇགས་ཐོག་ལྡི་ལི་དོན་ཁང་གི་དྲུང་ཆེར་བསྐོ་གཞག ཕྱི་ལོ་ ༢༠༠༢ ཟླ་ ༡ ཚེས་ ༡༦ ནས་ལ་དྭགས་གཞིས་སྤྱི་རུ་བསྐོ་གཞག ཕྱི་ལོ་ ༢༠༠༢ ཟླ་ ༧ ཚེས་ ༡ ནས་ཟུང་དྲུང་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༠༣ ཟླ་ ༩ ཚེས་ ༡༨ ནས་མོན་གྷོ་འདོད་རྒུ་གླིང་ས་གནས་འགོ་འཛིན་དུ་གནས་སྤོས།
ཕྱི་ལོ་ ༢༠༠༧ ཟླ་ ༦ ཚེས་ ༦ ནས་སྒང་ཏོག་ས་གནས་འགོ་འཛིན་དུ་བསྐོ་གཞག ཕྱི་ལོ་ ༢༠༡༠ ཟླ་ ༡ ཚེས་ ༡༥ ནས་དྲུང་ཆེ་ལས་འཕར་དུ་གནས་སྤར། ཕྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༣ ནས་ནང་སྲིད་ལས་ཁུངས་སུ་གནས་སྤོས། ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༡༡ ནས་དྲུང་ཡིག་ཆེན་མོའི་གནས་རིམ་དུ་གནས་སྤར། ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༡ ནས་ཆོས་རིག་ལས་ཁུངས་ཀྱི་དྲུང་ཡིག་ཆེན་མོར་བསྐོ་གཞག་གནང་ཡོད་པ་བཅས།།