༢༠༡༤ ཟླ་ ༧ ཚེས་ ༡༡ རེས་གཟའ་པ་སངས།
༄༅། །དེང་སྐབས་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ཇོན་ཀེ་རི་མཆོག་རྒྱ་ནག་ཏུ་རྒྱལ་དོན་འཚམས་གཟིགས་གནང་སྐབས་དང་བསྟུན། པེ་ཅིང་དུ་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་ཁང་གིས་ཚེ་རིང་འོད་ཟེར་ལགས་ལ་དགོང་དྲོའི་གསོལ་ཚིགས་སུ་མགྲོན་འབོད་གནང་ཡང་བཅར་མ་ཐུབ་པའི་གནས་སྟངས་བྱུང་བ་དེར་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་རྟོག་ཞིབ་བྱ་རྒྱུ་ཡིན་སྐོར་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ལྕམ་སྐུ་ཇེན་པ་ས་ཀི་མཆོག་གིས་བསྒྲགས་གཏམ་སྤེལ་དོན། ཚེ་རིང་འོད་ཟེར་ལགས་དམ་བསྒྲགས་འོག་བཅུག་ཡོད་པར་བརྟེན་གསོལ་སྟོན་ལ་ཕེབས་ཐུབ་མེད། གནས་སྟངས་འདིར་ང་ཚོར་ཧ་ཅང་སེམས་འཚབ་ཆེན་པོ་ཡོད། དེར་བརྟེན་ང་ཚོས་གནས་སྟངས་དེར་གཟབ་ནན་ཐོག་རྟོག་ཞིབ་བྱས་ཏེ་གནས་ཚུལ་ཞིབ་ཕྲ་ཤེས་ཐབས་བྱ་རྒྱུ་མ་ཟད། རྒྱུ་མཚན་གང་ཡིན་ཐོག་དོ་ནན་གྱིས་དཔྱད་ཞིབ་མཐིལ་ཕྱིན་པ་བྱ་རྒྱུ་ཡིན། རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱིས་མངོན་མི་ཐུབ་པའི་བོད། “Invisible Tibet”ཅེས་པའི་དྲ་རྒྱ་གཙོ་སྐྱོང་གནང་བཞིན་ཡོད། དྲ་རྒྱ་དེ་བརྒྱུད་ནས་ཁོ་མོས་རྒྱ་ནག་གཞུང་གིས་བོད་མི་རྣམས་ལ་མནར་གཅོད་གཏོང་བཞིན་ཡོད་པ་རྣམས་ཕྱིར་བསྒྲགས་གནང་བཞིན་ཡོད། ཅེས་འཁོད་འདུག