༢༠༡༤ ཟླ་ ༧ ཚེས་ ༢༨ རེས་གཟའ་ཟླ་བ།
༄༅། །དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་རྟེན་གཞི་བྱས་པའི་ཝཌ་ཀིན་དཔེ་དེབ་ཚོང་ལས་ཚན་པས་ལུས་སེམས་སྲོག་ Watkins Mind Body Spirit magazine ཞེས་པའི་དུས་དེབ་ལོ་ལྟར་ཕྱི་ཟླ་ ༢ ནང་འདོན་སྤེལ་གནང་སྲོལ་ཡོད། དུས་དེབ་དེའི་ནང་འཛམ་གླིང་ནང་གི་ཆབ་སྲིད་དང་ཆོས་ཕྱོགས། རྩོམ་པ་པོ། གློག་བརྙན་བཟོ་སྐྲུན་པ། དེ་བཞིན་སྒྱུ་རྩལ་བ་སོགས་ཀྱི་ཁྲོད་ཐོག་མར་གྲགས་ཅན་མི་སྣ་ ༦༠༠ འདེམས་སྒྲུག་གནང་བའི་ཁྲོད་ནས་གྲགས་ཅན་མི་སྣ་ ༡༠༠ འདེམས་བཞིན་ཡོད། འདི་ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གྲགས་ཅན་དབུ་ཁྲིད་བརྒྱ་ཐམ་པའི་མཚན་གཞུང་ནས་ཨང་དང་པོར་འོས་འདེམས་ཞུས་འདུག ལས་འགུལ་འདི་ཕྱི་ལོ་ ༢༠༡༡ ལོར་དབུ་འཛུགས་གནང་བ་ཞིག་ཡིན་འདུག དེ་ཡང་ཚན་པ་དེའི་གྲྭ་རྒྱའི་ནང་མཚན་གཞུང་འདེམས་སྒྲུག་གནང་ཕྱོགས་སྐོར་འཁོད་དོན། ང་ཚོས་མི་སྣ་གང་མང་ཚུད་ཐབས་ཆེད་འབད་བརྩོན་གང་ཡོད་ཞུ་བཞིན་ཡོད།
ཐེངས་འདིར་མཚན་གཞུང་འདེམས་སྒྲུག་བྱེད་སྐབས་འོས་གཞིའི་ནང་ཚུད་ཆེད་ཆ་རྐྱེན་ཚང་དགོས་པ་རྣམས་ནས་གལ་གནད་ཆེ་ཤོས་གཙོ་བོ་ཁག་གསུམ་ཡོད་པ་རྣམས་ནི།
༡༽ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༡ བར་གསོན་པོར་འཚོ་གནས་ཡིན་དགོས་པ།
༢༽གང་ཟག་དེས་ཆོས་ཕྱོགས་ཐོག་འཛམ་གླིང་ཁྱོན་དུ་དམིགས་བསལ་བྱས་རྗེས་བཞག་པ་དགོས།
༣༽གང་ཟག་དེའི་སྐོར་དྲྭ་རྒྱ་ནང་མང་ཚོགས་ཀྱི་ཡང་སེ་དོ་སྣང་བྱས་ཏེ་གང་ཟག་དེའི་སྐོར་མང་ཚོགས་ཁྲོད་གླེང་སློང་ཤུགས་ཆེ་དགོས་པ་སོགས་ཚང་དགོས། ཞེས་འཁོད་འདུག
དེ་ཡང་ལུས་སེམས་སྲོག་ Watkins Mind Body Spirit magazine ཞེས་པའི་དུས་དེབ་ནང་འཁོད་དོན།
ཕྱི་ལོ་ ༢༠༡༤ ལོར་འཛམ་གླིང་ནང་ཆོས་ཕྱོགས་ཀྱི་སེམས་འགུལ་ཤུགས་ཆེ་ཤོས་གཏོང་གནང་མཛད་མཁན་ཨང་དང་པོ་དེ་ནི། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ཡིན། ཞེས་འགོ་བརྗོད་དུ་བཀོད་ནས་གཤམ་དུ་༸གོང་ས་མཆོག་གི་སྐུ་ཚེའི་མཛད་རྣམ་ཞིབ་ཕྲ་བཀོད་འདུག