༢༠༡༤ ཟླ་ ༦ ཚེས་ ༣ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༣༠ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བོད་དོན་ཞུ་གཏུག་ཚོགས་ཆུང་གི་ཚོགས་མི་རྣམས་ཀྱིས་ཨི་སི་ཏོ་ནའི་ཡ་ཊར་ཊོའི་གཙུག་ལག་སློབ་གྲྭ་ University of Tartu ཆེན་མོའི་ནང་། ཆུ་ཚོད་ ༡༡།༣༠ ནས་ཆུ་ཚོད་གཉིས་ཙམ་གྱི་རིང་ལ། བོད་ཀྱི་མ་འོངས་པའི་ཆེད་དུ་ལས་དོན་སྒྲུབ་དགོས་ Working for the future of Tibet ཞེས་པའི་བརྗོད་གཞིའི་ཐོག་གཙུག་ལག་སློབ་གྲྭ་དེའི་སློབ་མ་དང་དགེ་རྒན་སོགས་དང་ལྷན་བགྲོ་གླེང་གནང་འདུག
དེ་ཡང་ཐོག་མར་བོད་ཀྱི་གནད་དོན་དང་རང་ལུས་མེར་སྲེག་གི་སྐོར། ད་ལྟའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་བོད་རྒྱ་གཉིས་དབར་འབྲེལ་མོལ་གྱི་ལམ་ནས་དཀའ་ངལ་སེལ་ཐབས་ལ་འབད་བརྩོན་བྱེད་བཞིན་པའི་སྐོར་གཏམ་བཤད་ཞིབ་ཕྲ་གནང་བར། ཚོགས་ཞུགས་བ་ཚོས་དོ་སྣང་ཆེན་པོས་དྲི་བ་སྣ་ཚོགས་ཤིག་བཏང་ཡོད་ཁོངས་ནས་རྒྱ་རིགས་སློབ་མ་ཞིག་གིས། ང་རྒྱ་ནག་ཏུ་ཡོད་དུས་བོད་ལ་འགྲོ་མྱོང་མེད་ཀྱང་། ངའི་གྲོགས་པོ་ཞིག་བོད་དུ་སོང་ནས་ཧ་ཅང་སྐྱིད་པོ་འདུག་ཤོད་ཀྱི་འདུག་པས། ཁྱེད་རྣམས་ཀྱི་གཏམ་བཤད་ཇི་ལྟར་རེད་ཟེར་བ་དང་། ཡང་ཁོ་པས། བོད་མི་མི་རེ་ངོ་རེ་ཡོང་འབབ་མཐོ་རུ་འགྲོ་བཞིན་པའི་སྐོར་རྒྱ་ནག་གཞུང་གིས་བརྗོད་ཀྱི་འདུག་པར་བརྟེན། བོད་ནང་གི་བོད་མིར་འཚོ་བའི་དཀའ་ངལ་གང་ཡོད་ཅེས་དྲིས།
དེ་མིན་ཡུལ་དེ་དང་ནུབ་ཕྱོགས་ཀྱི་སློབ་མ་ཚོས། བོད་དུ་སྐད་ཡིག་སྦྱོང་རྒྱུའི་གོ་སྐབས་ཇི་ཙམ་ཡོད་མེད་དང་། བོད་དུ་དགོན་པ་ཁག་བསྐྱར་བཞེངས་བྱས་དང་བྱེད་བཞིན་ཡོད་པས་དེར་ནང་ཆོས་སྦྱང་སའི་གོ་སྐབས་ཡོད་མེད། རྒྱ་གར་དུ་ཡོད་པའི་དགེ་འདུན་པ་ཚོ་བོད་དུ་ལོག་ནས་ཆོས་ཕྱོགས་ཀྱི་ལས་ཀ་བྱེད་ཆོག་མིན། བོད་ཀྱི་འབྲོག་པ་གྲོང་སྡེ་ཅན་དུ་བསྒྱུར་བ་དེས་མ་འོངས་བོད་ཀྱི་གནས་སྟངས་ཇི་ལྟར་ཆགས་མིན། རང་ལུས་མེར་སྲེག་གི་གནས་སྟངས་དེ་ད་དུང་སྡུག་ཏུ་འགྲོ་སྲིད་མིན། དབུ་མའི་ལམ་གྱི་དགོངས་གཞིའི་འོག་ཏུ་བོད་ཀྱི་ས་ཁུལ་ཇི་ལྟར་ཚུད་ཡོད་མེད་ཅེས་སོགས་ཀྱི་དྲི་བར་རིམ་པ་བཞིན་དུ་ལན་འདེབས་གནང་འདུག་པ་མ་ཟད། ད་དུང་ལམ་ཞོར་དུ་བོད་དོན་ལ་རྒྱབ་སྐྱོར་བྱེད་མཁན་གྱི་མི་སྒེར་པ་བཅས་ལ་མུ་མཐུད་ནས་བོད་དོན་ལ་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་ཡོད་འདུག་པ་བཅས།།