༢༠༡༤ ཟླ་ ༦ ཚེས་ ༢༣ རེས་གཟའ་ཟླ་བ།
༄༅། །འདི་གར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བཏང་གནས་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་ས་བགོས་ཕྱོགས་སྐྱོད་ཀྱི་ལས་རིམ་གཞིར་བཟུང་སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ལགས་དང་། སྤྱི་འཐུས་དགེ་བཤེས་རྣམ་དག་གཙུག་ཕུད་ལགས་རྣམ་གཉིས་མོན་གྷོ་ས་གནས་དང༌། ཧུབ་ལི། གྷོ་ཝ་བཅས་ས་བགོས་ཕྱོགས་བསྐྱོད་དུ་ཕེབས་ཡོད་པ་དང་། ཕྱི་ཚེས་ ༢༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༠༠ མ་ཟིན་ཙམ་ནས་མོན་གྷོ་ས་གནས་འགོ་འཛིན་ཕུན་ཚོགས་ཚེ་རིང་ལགས་དང༌། ས་གནས་གྲོས་ཚོགས་ཀྱི་ཚོགས་གཞོན་དགེ་བཤེས་རྣམ་རྒྱལ་རྒྱལ་མཚན་ལགས་རྣམ་གཉིས་ཀྱིས་ཕེབས་རོགས་འོག དགའ་ལྡན་བྱང་རྩེ་གྲྭ་ཚང་གི་འདུ་ཁང་དང་། ལྷ་མོ་ཁང་། དགའ་ལྡན་ཚོགས་ཆེན་འདུ་ཁང་དང༌། དགའ་ལྡན་ཤར་རྩེ་གྲྭ་ཚང་། རྙིང་མ་གྲྭ་ཚང་གི་འདུ་ཁང་ལ་མཆོད་མཇལ་དང༌། ཕྱག་མཛོད་ཁང་སོ་སོའི་གུས་བརྩིའི་སྣེ་ལེན་ལ་འཚམས་འདྲི།
དེ་ནས་དགའ་ལྡན་བྱང་རྩེ་སློབ་གྲྭ་དང་ཤར་རྩེ་སློབ་གྲྭ་གཉིས་ཀྱི་གནས་སྟངས་ལ་ལྟ་སྐོར་དང་རྟོག་ཞིབ། སྣེ་ལེན་ལ་འཚམས་འདྲི། བྱང་ཤར་གྲྭ་ཚང་གཉིས་ཀྱི་འཕྲོད་བསྟེན་སྨན་ཁང་གཉིས་ལ་ལྟ་སྐོར་དང་རྟོག་ཞིབ། ཉིན་རྒྱབ་ ༢།༠༠ ནས་འབྲས་སྤུངས་བླ་སྤྱི་དང་། བློ་གསལ་གླིང༌། སྒོ་མང་གྲྭ་ཚང་བཅས་ཀྱི་འདུ་ཁང་སོ་སོར་མཆོད་མཇལ་དང་། ཕྱག་མཛོད་ཁང་སོ་སོའི་གུས་བརྩིའི་སྣེ་ལེན་ལ་འཚམས་འདྲི། སློབ་ཕྲུག ༡༠༠ ལྷག་ཡོད་པའི་སྒོ་མང་སློབ་གྲྭ་དང་། སློབ་ཕྲུག ༣༣༠ ལྷག་ཡོད་པའི་བློ་གསལ་གླིང་སློབ་གྲྭ་གཉིས་ཀྱི་གནས་སྟངས་ལ་ལྟ་སྐོར་དང་རྟོག་ཞིབ། ཁུངས་སོ་སོའི་དགེ་ལས་སློབ་ཕྲུག་ཡོངས་ལ་གཏམ་བཤད་གནང་བ་དང་། བློ་གསལ་གླིང་དང་། སྒོ་མང་གྲྭ་ཚང་གཉིས་ཀྱི་འཕྲོད་བསྟེན་སྨན་ཁང་གཉིས་ལ་ལྟ་སྐོར་དང་རྟོག་ཞིབ་གནང་།
ཕྱི་ཚེས་ ༢༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩། ༠༠ མ་ཟིན་ཙམ་ནས་འགོ་འཛུགས་ཀྱིས་གྲྭ་གྲངས་ ༡༨༠ ཙམ་ཡོད་པའི་འབོ་དཀར་བཀའ་བརྒྱུད་དགོན་དང་། དགེ་འདུན་པ་ ༡༢༠ ཙམ་ཡོད་པའི་རྭ་སྟོད་གྲྭ་ཚང་དང་། དགེ་འདུན་པ་ ༡༨༠ ཙམ་ཡོད་པའི་དཔལ་ས་སྐྱ་བརྩེ་ཆེན་མདོ་སྔགས་ཆོས་འཁོར་གླིང་དགོན་པའི་འདུ་ཁང་བཅས་ལ་མཆོད་མཇལ་དང་སྣེ་ལེན་ལ་འཚམས་འདྲི། དེ་ནས་རིམ་བཞིན་ས་གནས་གྲོས་ཚོགས་ཀྱི་ཚོགས་ཁང་དང་། གཞིས་ལས་ཁང༌། ས་གནས་རང་བདེན་ཚོགས་ཆུང་གི་ལས་ཁང༌། ས་གནས་མཉམ་འབྲེལ་གྱི་ལས་ཁང་དང་། མཉམ་འབྲེལ་གྱི་སྡེ་ཚན་ཨར་ལས་དང༌། འཕྲུལ་བཟོ། རུམ་འཐག་སོགས་རིམ་པ་དང་སྡེ་ཚན་མི་འདྲ་བ་ཁག་ལ་རྟོག་ཞིབ་ཀྱིས་ཆུ་ཚོད་ ༡།༣༠ བར་ལས་དོན་གནང་། ཉིན་རྒྱབ་ཆུ་ཚོད ༢།༣༠ ནས་ཆུ་ཚོད ༥།༠༠ བར་དགའ་ལྡན་བླ་སྤྱིའི་ཚོགས་ཆེན་འདུ་ཁང་དུ་ཤར་བྱང་གཉིས་དང༌། རྙིང་མ་གྲྭ་ཚང་བཅས་ཀྱི་དགེ་འདུན་པ་ ༦༠༠ ལྷག་ལ་གཏམ་བཤད་དང་། དགོང་དྲོ་ཆུ་ཚོད ༦།༠༠ ནས་ ༧།༣༠ བར་ཤར་བྱང་གྲྭ་ཚང་གཉིས་ཀྱི་སློབ་ཕྲུག་དང་དགེ་ལས་བཅས་གསན་མཁན་ ༧༠༠ ལྷག་ལ་བྱང་རྩེ་སློབ་གྲྭའི་རྡོ་གཅལ་ཐང་དུ་གཏམ་བཤད་གནང་།
ཕྱི་ཚེས་ ༣༠ ཉིན་གྱི་སྔ་དྲོའི་ཆུ་ཚོད༩། ༣༠ ནས་ ༡།༠༠ བར་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་རྭ་ཆེན་མོར་སྒོ་མང་གྲྭ་ཚང་དང༌། ས་སྐྱ། བཀའ་བརྒྱུད་དགོན་པ་བཅས་ཀྱི་དགེ་འདུན་པ་གཅིག་སྟོང་ ༡༠༠༠ ལྷག་ལ་གཏམ་བཤད་དང་དྲི་བ་དྲིས་ལན་དང་། ཆུ་ཚོད ༡།༠༠ ནས་ ༢།༠༠ བར་མོན་གྷོ་གཏན་ཉིན་སློབ་གྲྭར་རྟོག་ཞིབ་དང་། སློབ་སྤྱི་དང་འགན་འཛིན་གཅིག་ལྕོགས་སྐལ་བཟང་ཟླ་བ་དང་མཉམ་གོ་བསྡུར་དང་སློབ་སྟོན་དང་། ཉིན་རྒྱབ་ཆུ་ཚོད་༣།༠༠ ནས་ ༦།༣༠ བར་གཞིས་གྲོང་དང་པོ་དང༌། གཉིས་པ། དགུ་པ་བཅས་གཞིས་གྲོང་ཁག་གི་སྤྱི་དཔོན་དང་བཅུ་དཔོན་ཚོ་དང་མཉམ་ས་གནས་འགོ་འཛིན་དང་། ས་གནས་གྲོས་ཚོགས་ཀྱི་ཚོགས་གཞོན་བཅས་ལྷན་དུ་གྲོང་སྡེ་སོ་སོའི་ཆེས་ཉམ་ཐག་གི་ཁྱིམ་ཚང་གསུམ་བཞི་ཙམ་རེར་ངོ་བསྐྱོད་ཀྱིས་རྟོག་ཞིབ་དང་གནས་སྟངས་དྲི་རྩད་ཞུས་པ་མ་ཟད། ས་གནས་འགོ་འཛིན་དང་། ས་གནས་གྲོས་ཚོགས་ཀྱི་ཚོགས་གཞོན། འབྲེལ་ཡོད་སྤྱི་མི་དང་། བཅུ་དཔོན་ཚོ་དང་ལྷན་གནས་སྟངས་རྒྱུས་ལོན་དང་འབྲེལ་ལམ་སྟོན་གནང་བ་དང་། དགོང་དྲོ་ཆུ་ཚོད ༧།༠༠ ནས་ ༩།༣༠ བར་བློ་གསལ་གླིང་དང༌། རྭ་སྟོད་དང་བདེ་ཡངས་གྲྭ་ཚང་བཅས་ཀྱི་བླ་སྤྲུལ་དགེ་འདུན་པ་སུམ་སྟོང་ ༣༠༠༠ མ་ཟིན་ཙམ་ལ་བློ་གླིང་ཆོས་རྭ་ཆེན་མོར་གཏམ་བཤད་དང་དྲི་བ་དྲིས་ལན་གནང་།
ཕྱི་ཚེས་ ༣༡ ཉིན་སྔ་དྲོ་ཆུ་ཚོད ༩།༠༠ མ་ཟིན་ཙམ་ནས་འགོ་འཛུགས་ཀྱིས་ཆུ་ཚོད ༡།༠༠ བར་གཞིས་གྲོང་དྲུག་པ། བདུན་པ། བརྒྱད་པ་བཅས་ཀྱི་ཆེས་ཉམ་ཐག་གི་ཁྱིམ་ཚང་གསུམ་བཞི་ཙམ་རེར་ངོ་བསྐྱོད་ཀྱིས་རྟོག་ཞིབ་དང་གནས་སྟངས་དྲི་རྩད་ཞུས་པར་མ་ཟད། གཞིས་གྲོང་དྲུག་པའི་སྨན་རྩིས་ཁང་ལ་ཡང་རྟོག་ཞིབ་གནང་། ཉིན་རྒྱབ་ཚོུད་ ༢། ༠༠ ནས་འགོ་འཛུགས་ཀྱིས་ཆུ་ཚོད་ ༦། ༣༠ བར་རྒས་གསོ་ཁང་དང༌། ས་གནས་འཕྲོད་བསྟེན་སྨན་ཁང༌། གཞིས་གྲོང་གསུམ་པའི་སྨན་རྩིས་ཁང་བཅས་སུ་ལྟ་སྐོར་དང་རྟོག་ཞིབ་གནང་།
ཕྱི་ཟླ་ ༦ ཚེས་ ༡ ཉིན་གྱི་སྔ་དྲོ་ཆུ་ཚོད ༩།༠༠ མ་ཟིན་ཙམ་ནས་ཉིན་གུང་ཆུ་ཚོད ༡། ༢༠ བར། མོན་གྷོ་གཞིས་སྤྱིའི་མི་མང་ཚོགས་ཁང་དུ། ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་གཉིས་ཀྱིས་གཙོས་པའི་ས་འཐུས་རྣམ་པ་དང༌། ས་གནས་འགོ་འཛིན་གྱིས་གཙོས་པའི་ལས་བྱེད་རྣམ་པ། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་དང་ཚོགས་གཞོན་གྱིས་གཙོས་པའི་ཚོགས་མི་རྣམ་པ་དང༌། ས་གནས་མཉམ་འབྲེལ་ཚོགས་གཞོན་དང་། འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམ་པ། ས་གནས་མཉམ་འབྲེལ་གྱི་དྲུང་ཆེའི་ལས་རོགས་དང་ལས་བྱེད་རྣམ་པ། ས་གནས་འཕྲོད་བསྟེན་སྨན་ཁང་གི་འགན་འཛིན་དང་། ལས་བྱེད་རྣམ་པ། ས་གནས་སྨན་རྩིས་ཁང་གི་འགན་འཛིན་དང་ལས་བྱེད་རྣམ་པ། དགའ་འབྲས་གཉིས་ཀྱིས་གཙོས་པའི་གྲྭ་ཚང་དགོན་ཁག་དགུའི་ཕྱག་མཛོད་རྣམ་པ་དང༌། གཞིས་གྲོང་ཁག་དགུའི་སྤྱི་མི་རྣམ་པ། མོན་གྷོ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ། ས་གནས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་སོགས་ས་གནས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་གནད་ཡོད་མི་སྣ་ ༧༠ ཙམ་ལ་གཏམ་བཤད་དང་དྲི་བ་དྲིས་ལན། གོ་བསྡུར་སྦྱངས་བཤད། བཞུགས་མོལ་ཚོགས་འདུ་གནང་བ་དང༌།ཉིན་རྒྱབ་ཚོུད་ ༢།༠༠ ནས་ ༦།༠༠ བར་གཞིས་གྲོང་གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་གཞིས་གྲོང་ཁག་གི་གྲོང་སྡེ་སོ་སོའི་ཆེས་ཉམ་ཐག་གི་ཁྱིམ་ཚང་གསུམ་བཞི་ཙམ་རེར་ངོ་བསྐྱོད་ཀྱིས་རྟོག་ཞིབ་དང་གནས་སྟངས་དྲི་རྩད་གནང་བ་དང་།
ཕྱི་ཚེས་ ༢ ཉིན་སྔ་དྲོ་ཆུ་ཚོད་ ༩།༠༠ མ་ཟིན་ཙམ་ནས་འགོ་འཛུགས་ཀྱིས་ཉིན་གུང་ཆུ་ཚོད་ ༢།༠༠ མ་ཟིན་ཙམ་བར་གཞིས་སྤྱིའི་མི་མང་ཚོགས་ཁང་དུ། གོང་གསལ་ས་གནས་གནད་ཡོད་མི་སྣ་ཁག་དང༌། གཞིས་གྲོང་ཁག་དགུའི་རྒྱ་ཆེའི་མང་ཚོགས་ལ་གཏམ་བཤད་དང་དྲི་བ་དྲིས་ལན་གནང་། ཉིན་རྒྱབ་ཆུ་ཚོད ༣།༠༠ ནས་ ༥།༠༠ བར་བཙུན་མ་ ༢༡༦ ཙམ་ཡོད་པའི་བཙུན་དགོན་བྱང་ཆུབ་ཆོས་གླིང་དུ་མཁན་རིན་པོ་ཆེ་དབུ་བཞུགས་ཐོག ཕྱག་མཛོད་གཙོས་བཙུན་མ་ཚོར་གཏམ་བཤད་དང་དྲི་བ་དྲིས་ལན་གནང་བ་མ་ཟད། ཆོས་ར་དང་བཏུང་ཆུའི་དཀའ་ངལ་གནས་སྟངས་ལ་རྟོག་ཞིབ་གནང་།
ཕྱི་ཚེས་༣ ཉིན་སྔ་དྲོ་ཆུ་ཚོད་ ༩ མ་ཟིན་ཙམ་ནས་འགོ་འཛུགས་ཀྱིས་མོན་གྷོ་ས་གནས་དང་ཟུར་ཚོགས་པས་ཞུས་དོན་ལྟར། དེ་གར་ཆེད་བསྐྱོད་ཀྱིས་གསར་དུ་འཛུགས་སྐྲུན་བྱས་པའི་ཁྲོམ་རར་ལྟ་ཞིབ་དང་། དེ་ནས་གྲོང་སྡེ་བཞི་པ་དང་། བརྒྱད་པ་གཉིས་ཀྱི་ས་ཞིང་དང་སྲོལ་རྒྱུན་སོ་ནམ་གྱི་གནས་སྟངས་ཐད་ཞིང་ཁར་ཆེད་བསྐྱོད་ཀྱིས་རྟོག་ཞིབ་གནང་། ཕྱི་ཚེས་ ༤ ཉིན་གྷོ་ཝ་ཝཱ་སི་ཁོར་བཅའ་སྡོད་བོད་རིགས་ཚོང་གཉེར་བ་ཚོ་དང་ཐུག་འཕྲད་དང་ཁོང་ཚོའི་ཁྲོམ་སའི་ཐད་རྟོག་ཞིབ་དང་། གཏམ་བཤད་ཐུང་ཙམ་རེ་དང་དྲི་བ་དྲིས་ལན་གནང་།
སྤྱིར་བཏང་ཉིན་རེའི་ལས་དོན་གྱི་ཐོག་མཐའ་བར་གསུམ་ཚང་མར་ས་གནས་གྲོས་ཚོགས་ཀྱི་ཚོགས་གཞོན་དགེ་བཤེས་རྣམ་རྒྱལ་རྒྱལ་མཚན་ལགས་དང་། ས་གནས་འགོ་འཛིན་ཕུན་ཚོགས་ཚེ་རིང་ལགས་རྣམ་གཉིས་མཉམ་བཅར་དང་། གཏམ་བཤད་ཡོད་རིགས་རྣམས་ལ་མོན་གྷོ་ལས་དྲུང་བསྟན་འཛིན་མཆོག་ལྡན་ལགས་ནས་ལས་རིམ་སྒྲོགས་སྦྱང་དང་། དེའི་རྗེས་ས་གནས་འགོ་འཛིན་གྱིས་སྤྱི་འཐུས་རྣམ་གཉིས་ཀྱི་ལོ་རྒྱུས་མདོར་ཙམ་ངོ་སྤྲོད་དང་།
དེ་ནས་སྤྱི་འཐུས་རྣམ་གཉིས་ཀྱིས་གོ་རིམ་བབ་བསྟུན་གྱིས་རེས་མོས་ལྟ་བུར་གཏམ་བཤད་གནང་བ་དང་། སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ལགས་ནས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་ཁུར་ཁྱེར་གྱི་མཛད་འཕྲིན་གསུམ་དང་། ཁོང་གི་དགོངས་གཞི། ཕྱི་ལོ་ ༢༠༠༨ ནས་བཟུང་བོད་ནང་གི་ཛ་དྲག་གི་གནས་སྟངས་ཇེ་ཆེར་ཕྱིན་པ་དང་། ཕྱི་ལོ་ ༢༠༠༩ ནས་བཟུང་བོད་ནང་གི་དགེ་འདུན་པ་དང་བཙུན་མ། མི་སྐྱ་བཅས་གྲངས་ ༡༣༠ ཙམ་ནས་བོད་བསྟན་སྲིད་ཆེད་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་གི་ནོར་འཁྲུལ་སྲིད་བྱུས་ལ་ངོ་རྒོལ་གནང་བས་མཚོན་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་ངན་ཇུས་རིག་གཞུང་རྩ་གཏོར་དང་། དཔལ་འབྱོར་དབྱེ་འབྱེད། ཁོར་ཡུག་གཏོར་བཤིག་གི་སྲིད་ཇུས། བོད་མིའི་སྒྲིག་འཛུགས་ཀྱི་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ཆབ་སྲིད་ལངས་ཕྱོགས་དབུ་མའི་ལམ་གྱི་དོན་སྙིང་སྤྱི་དང་།
རྒྱ་གཞུང་གིས་ནམ་ཞག་རྒྱུན་ལྡན་དང་། ལྷག་པར་སྐུ་དབང་རྩིས་སྤྲོད་ཀྱི་རྗེས་སུ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་། སྤྱི་ཚོགས། ལྷག་པར་བོད་མིའི་འཐབ་རྩོད་ཀྱི་སྟོབས་ཤུགས་ཟང་ཟིང་དང་། ཉམས་དམས། འཐོར་བཤིག མཐར་ཐུག་རྩ་གཏོར་ཏུ་གཏོང་རྒྱུའི་ལས་དོན་སྣ་ཚོགས་བྱས་དང་བྱེད་བཞིན་ཡོད་པས་ཚང་མས་ཁྱོན་ཡོངས་ནས་རྫི་གསང་པོ་དང་། ཡིད་གཟབ་ཐུགས་སྣང་དགོས་གལ་སྐོར། དོལ་རྒྱལ་ཁ་ལ་ཁྱེར་ནས་རྒྱལ་སྤྱིའི་ནང་༸གོང་ས་མཆོག་གི་མཛད་འཕྲིན་ལ་འགལ་རྐྱེན་སྣ་ཚོགས་བསྒྲུབས་དང་སྒྲུབ་བཞིན་ཡོད་པས་མི་རེ་ངོ་རེའི་༸གོང་ས་མཆོག་གི་སྐུ་ཕྱྭར་ཐུགས་སྣང་དགོས་སྐོར་དང་། གདན་ས་ཁག་ལ་༸གོང་ས་༸སྐྱབས་མགོན་ཆེན་པོའི་དགོངས་གཞི་དང་འབྲེལ་གཞུང་ཆེན་རིགས་གཅིག་རྐང་འཛིན་དང་། རིས་མེད་བགྲོ་གླེང་། ཆོས་དགེ་ཚད་ལྡན་གཏོང་ཐབས། མང་ཚོགས་ཁྲོད་ནང་ཆོས་ངོ་སྤྲོད་དང་། སློབ་གྲྭ་ཁག་ཏུ་རིགས་ལམ་སློབ་རྒྱུའི་ཞབས་འདེགས་ཞུ་གལ་ཆེ་སྐོར།
ཐོས་བསམ་སྐབས་གྲྭ་ཚང་གི་ཡིག་ཆ་ཙམ་དང་། རྗེ་ཡབ་སྲས་ཀྱི་གཞུང་ཙམ་མ་ཡིན་པར་ཆོས་བརྒྱུད་རིས་མེད་དང་། མདོ་རྒྱུད་བསྟན་བཅོས་རྒྱ་གཞུང་དག་ལ་གོམས་འདྲིས་མང་ཙམ་བསྟེན་དགོས་པ་དང་། དབུ་ཚད་ཀྱིས་མཚོན་པའི་གཞུང་ཆེན་ཁག་གི་ནང་གསལ་བའི་ཕྱོགས་སྔ་ཕྱི་རོལ་པའི་འདོད་པའི་གྲུབ་མཐའ་ཁག་རྒྱ་གར་གྱི་ཕྱི་རོལ་པ་ཚོ་དང་མཉམ་གོ་བསྡུར་བགྲོ་གླེང་དགོས་གལ་ཆེ་སྐོར་དང་། བཤད་གྲྭ་ཁག་ཏུ་སྒོམ་སྒྲུབ་ཞན་པ་དང་། སྒྲུབ་སྡེ་ཁག་ཏུ་བཤད་པ་མེད་པ་དེ་འདྲ་མ་ཡིན་པར་བཤད་སྒྲུབ་ཟུང་འབྲེལ་དང་། རྩོད་པ་དར་ས་ལ་རྩོམ་པ་ཞན་པ་དང་། རྩོམ་པ་ཅུང་ཟད་ཡོད་སར་རྩོད་རིགས་ཞན་པ་དེ་འདྲ་མིན་པར་མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་ཕྱོགས་སུ་མ་ལྷུང་བ་དགོས་པ་དང་། མདོ་སྔགས་ཀྱི་སྒོམ་སྒྲུབ་ཉམས་བཞེས་གལ་ཆེན་ཡིན་སྐོར་དང་། དགོན་པའི་ཁོར་ཡུག་ཏུ་བཞུགས་མིན་ལ་མ་ལྟོས་པར་ཀུན་སྤྱོད་འདུལ་བ་དང་བསྟུན་དགོས་སྐོར་དང་
གྲྭ་ཚང་ཁག་གི་སློབ་གྲྭ་རྣམས་སུ་ས་མཚམས་ཁག་ནས་ཕེབས་པའི་གྲྭ་རྒྱུན་མང་པོ་ཡོད་ཙང་བོད་ཀྱི་སྐད་ཡིག་གཙང་ཉར་གནང་ཕྱོགས་སྐོར་གཏམ་བཤད་དང་། སྤྱི་འཐུས་དགེ་བཤེས་རྣམ་དག་གཙུག་ཕུད་ལགས་ནས་བོད་མིའི་སྒྲིག་འཛུགས་མང་གཙོ་ཀ་བ་གསུམ་དང་། དེའི་ནང་ནས་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་དང་། སྐབས་༡༥ པའི་གྲོས་ཚོགས་ཚོགས་དུས་༧ པའི་ཐོག་བཞག་པའི་གྲོས་ཆོད་དང་། བཅའ་ཁྲིམས་དང་ཁྲིམས་སྒྲིག་བསྐྱར་བཅོས་སོང་ཁག་གི་ནང་དོན་སྙིང་བསྡུས་དང་། བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་དང་། ཉམས་པ་སླར་གསོའི་འབད་བརྩོན་གནང་དགོས་སྐོར་དང་། ཡུལ་མི་དང་མཐུན་ལམ་གནང་ཕྱོགས་དང་། འཕྲོད་བསྟེན་གལ་ཆེན་ཡིན་སྐོར།
ཆང་རག་རྒྱན་རྩེད་རིགས་དང་། ཚུལ་མིན་ཟས་སྤྱོད་རིགས་ལ་འཛེམ་ཟོན་གནང་དགོས་སྐོར་དང་། གཞོན་སྐྱེས་ཚོས་ཕ་མ་རྒན་འཁོགས་ཚོར་བདག་སྐྱོང་དང་། ཡུལ་ཁྲིམས་སྲུང་བརྩི་སྤྱི་དང་། ནར་མ་སོན་པའི་ཕྲུ་གུ་གླ་གཡོག་ཏུ་ཉར་མཁན་རེ་ཟུང་ཡོད་ན། དེ་ནི་རྒྱལ་སྤྱི་དང་གནས་ཡུལ་རྒྱ་གར་གྱི་ཁྲིམས་དང་འགལ་གྱི་ཡོད་པས་དེ་ལ་སྣང་མེད་བྱེད་མི་རུང་བའི་སྐོར་སོགས་གང་ལྟར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོས་ལམ་སྟོན་ཡིག་ཆ་གཞིར་བཟུང་སྤྱི་འཐུས་གཉིས་སོ་སོ་ནས་གཏམ་བཤད་དང་།
དྲི་བ་དྲིས་ལན་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ལངས་ཕྱོགས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཆོད་སྔ་རྗེས་ཀྱི་ལམ་ནས་ཐག་གཅོད་གཏན་འབེབས་གནང་བ་ཁག་གི་རྒྱ་ལས་མ་བརྒལ་བའི་གཏམ་བཤད་གནང་བ་དང་། སྤྱི་སྒེར་སོ་སོས་དཀའ་ངལ་བདེ་སྡུག་ཇི་ཞུས་ལ་གསན་བཞེས་ཀྱིས་ལན་འདེབས་གསལ་བཤད་དང་། ས་གནས་ཀྱི་གནད་ཡོད་མཉམ་གོ་བསྡུར་ཐོག་དེ་གར་ཐག་གཅོད་བྱ་ནུས་པ་རྣམས་དེ་གར་ཐག་གཅོད་དང་། དབུས་ཀྱི་སྤྱི་འཐུས་ལྷན་ཚོགས་དང་། བཀའ་ཤག ལྷན་ཁང་ཁག་བཅས་ཆ་བགོས་ཐོག་ལས་བསྡོམས་ཞིབ་ཕྲ་སྤྱི་འཐུས་རྒྱུན་ལས་སུ་ཕུལ་བ་བརྒྱུད། ཁོངས་སོ་སོར་དབྱེ་གསེས་ཀྱིས་འབུལ་རྒྱུ་ཡིན་པ་རེད་འདུག།