༢༠༡༤ ཟླ་ ༦ ཚེས་ ༡༦ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༡༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨི་ཊ་ལིའི་ཊུ་སི་ཀན་ནི་མངའ་སྡེའི་པོ་མ་ཡ་ Pomaia གྲོང་གསེབ་ཏུ་ཨི་ཊ་ལིའི་ནང་གསར་ཤོག་གྲགས་ཆེ་ཤོས་ཡིན་པ་ Corriere della Sera ཞེས་པའི་གསར་འགོད་པ་སྐུ་ཞབས་བྷེ་པེ་སེ་ཝར་གི་ནི་ Mr. Beppe Severgnini ལགས་ཀྱི་ཆེད་དོན་དྲི་བར་བཀའ་ལན་སྩལ་རྗེས། རྩོམ་པ་པོ་དང་བསམ་བློའི་ཚན་རིག་པ་སྐུ་ཞབས་ཌེན་གོལ་མེན་ Dr. Dan Goleman ལགས་ཀྱིས་བརྩམས་པའི་དཔེ་དེབ་གསར་པ་དང་འབྲེལ་བའི་གནད་དོན་སྐོར་གྱི་བཅའ་འདྲིར་བཀའ་ལན་སྩལ། སྐུ་ཞབས་ཌེན་གོལ་མེན་ལགས་ནི་ཨ་རིའི་ནིའུ་ཡོཀ་དུས་བབ་ (The New York Times) ནང་ལོ་ངོ་བཅུ་གཉིས་རིང་སེམས་ཁམས་དང་ཀླད་པའི་ཚན་རིག་ཐོག་ཕྱག་ལས་གནང་མྱོང་འདུག ཕྱོགས་མཚུངས་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཨི་ཊ་ལིའི་རྒྱལ་ས་རོམ་ནང་རྟེན་གཞི་བྱས་པའི་རྒྱ་གར་གྱི་གཞུང་ཚབ་པ་སྐུ་ཞབས་བྷ་སན་ཏ་ཀུ་མཱར་གུཔ་ཏ་ Mr. Basant Kumar Guptaམཆོག་གིས་༸གོང་ས་མཆོག་མཇལ་ཁ་ཞུས་ཡོད།
དེ་རྗེས་ཨི་ཊ་ལིའི་ཨཻ་སི་སི་ Assisi གྲོང་སྡེའི་ཡི་ཤུའི་དགོན་པ་རྩ་ཆེན་ཞིག་ཡོད་པ་དེའི་སྐུ་ཚབ་ལྷན་མཇལ་འཕྲད་མཛད་ཡོད། ༸གོང་ས་མཆོག་ཨི་ཊ་ལིའི་ནང་ཆིབས་སྒྱུར་བསྐྱངས་སྐབས་གསར་འགྱུར་བརྒྱུད་ལམ་ཁག་ནས་དོ་སྣང་ཆེན་པོ་ཞུ་བཞིན་ཡོད་སྟབས་། དེ་ཉིན་པོ་མ་ཡཱ་གྲོང་གསེབ་ཏུ་གསར་འགོད་པ་ཁྱོན་མི་གྲངས་ ༨༠ ཙམ་ལ་མཇལ་ཁ་དང་བཀའ་སློབ་སྩོལ་སྐབས་ཨི་ཊ་ལིར་དབྱར་ཁའི་སྐབས་གནམ་གཤིས་ཚ་དྲོད་ཧ་ཅང་ཆེན་པོ་ཡོད་པ་དང་མ་འོངས་པར་ཨི་ཊ་ལིའི་གནམ་གཤིས་བསིལ་བའི་སྐབས་ཡོང་རྒྱུའི་ཐུགས་རེ་ཡོད་སྐོར་བཀའ་སློབ་སྩལ་བ་དང་ཞལ་ཤོབ་མཛད་དོན། ངོས་རང་འདིར་མ་ཡོང་གོང་རྒྱ་གར་མུམ་བྷའི་གྲོང་ཁྱེར་ནང་ཆོས་འབྲེལ་བྱས་པ་ཡིན། སྐབས་དེར་གནམ་གཤིས་ཧ་ཅང་ཚ་བ་ཆེན་པོ་འདུག འདིར་ཡང་དེ་མཚུངས་ཚ་དྲོད་ཆེན་པོ་འདུག ཅེས་བཀའ་སྩལ་བ་དང་སྦྲགས་མུ་མཐུད་བཀའ་སློབ་སྩལ་དོན།
ངོས་རང་ཨི་ཊ་ལིའི་ནང་བཅར་རྒྱུའི་གོ་སྐབས་བྱུང་བར་ཧ་ཅང་དགའ་པོ་བྱུང་། ངོས་རང་ཐོག་མར་འདིར་བླ་མ་ཙོང་ཁ་པའི་ཆོས་ཚོགས་སུ་བཅར་བ་ནས་བཟུང་ད་བར་མི་རབས་བརྗེས་ཟིན་ཡང་། ཆོས་ཚོགས་འདིའི་ཐོག་མའི་དམིགས་ཡུལ་བསྒྲུབ་རྒྱུར་འབད་བརྩོན་མུ་མཐུད་ནས་བྱེད་བཞིན་ཡོད་པ་དེར་ངོས་རང་ཧ་ཅང་དགའ་པོ་བྱུང་། དེ་བཞིན་གསར་འགོད་པ་ཚོས་དོ་སྣང་ཆེན་པོའི་ཐོག་འདི་གར་ཕེབས་པར་ངོས་ཀྱིས་བསྔགས་བརྗོད་ཞུ་རྒྱུ་ཡིན།
འཛམ་གླིང་འདིའི་ནང་མི་འབོར་ཐེར་འབུམ་བདུན་ཡོད་ཁོངས་ནས་ངོས་རང་དེའི་ཆ་ཤས་ཤིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད། ང་ཚོ་ཚང་མ་བྱམས་པ་དང་བརྩེ་བ། བདེ་སྐྱིད་འདོད་མཁན་ཡིན་པ་གཅིག་མཚུངས་ཆགས་ཡོད། དེར་བརྟེན་ངོས་ཀྱིས་དུས་རྟག་ཏུ་འགྲོ་བ་མིའི་རྒྱུད་ལ་ཡོད་པའི་བྱམས་བརྩེ་སོགས་བཟང་པོའི་རིན་ཐང་དེ་དག་གོང་མཐོར་གཏོང་རྒྱུའི་འབད་བརྩོན་བྱེད་བཞིན་ཡོད། བྱམས་བརྩེ་ནི་བདེ་སྐྱིད་ཀྱི་རྩ་བ་ཡིན། ང་ཚོར་ཆོས་དད་ཡོད་མེད་དང་། རིག་གཞུང་འདྲ་མིན་གང་ཡིན་ལ་མ་ལྟོས་པར་ང་ཚོ་ཚང་མར་བྱམས་བརྩེའི་དགོས་མཁོ་ཡོད་མཁན་གཅིག་མཚུངས་ཆགས་ཡོད།
དེ་ནས་ཆོས་ལུགས་ཕན་ཚུན་དབར་མཐུན་སྒྲིལ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ངོས་རང་དུས་རྟག་ཏུ་ཆོས་ལུགས་གཞན་གྱི་ཉམས་ལེན་གནང་མཁན་རྣམ་པར་མཐུན་སྒྲིལ་དམ་ཟབ་སྤེལ་བཞིན་ཡོད། ཆོས་ལུགས་ཚང་མས་བྱམས་བརྩེ་དང་། སྙིང་རྗེ། བཟོད་བསྲན་བྱེད་དགོས་ལུགས་གཅིག་མཚུངས་གསུངས་ཀྱི་ཡོད།
རྒྱ་གར་ནང་ལོ་ངོ་སྟོང་ཕྲག་མང་པོའི་རིང་ཆོས་ལུགས་འདྲ་མིན་རྣམས་ཕན་ཚུན་འཆམ་མཐུན་ངང་འཚོ་གནས་བྱས་དང་བྱེད་མུས་ཡིན། ངོས་རང་རྒྱ་གར་ནང་གནས་སྡོད་བྱས་ཏེ་ལོ་ངོ་ ༥༠ ལྷག་འགྲོ་བཞིན་ཡོད། རྒྱ་གར་ནི་ལོ་ངོ་ ༢༠༠༠ ལྷག་ནས་ཆོས་ལུགས་འདྲ་མིན་ཞི་ལྷིང་ཐོག་མཉམ་གནས་བྱེད་བཞིན་པའི་དཔེ་མཚོན་ཡག་ཤོས་ཤིག་རེད། ཅེས་ངོས་ཀྱིས་རྒྱུན་དུ་བརྗོད་བཞིན་ཡོད། དེར་བརྟེན་ཆོས་ལུགས་མཐུན་སྒྲིལ་ནི་ངོ་ཐོག་ལག་ལེན་ཐུབ་རྒྱུ་ཞིག་ཡིན།
ངོས་རང་བོད་མི་ཞིག་ཡིན་པའི་ཆ་ནས་དུས་རྟག་ཏུ་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་བྱེད་རྒྱུར་འབད་བརྩོན་བྱེད་བཞིན་ཡོད། ད་ཆ་ངོས་རང་བོད་མིའི་ཆོས་ཕྱོགས་ཀྱི་འགོ་ཁྲིད་ཅིག་ཆགས་ཡོད། ཕྱི་ལོ་ ༢༠༡༡ ལོར་ངོས་ཀྱི་བོད་མིའི་ཆབ་སྲིད་ཀྱི་འགོ་ཁྲིད་ནས་རྒས་ཡོལ་ཆ་ཚང་ཞུས་ནས་ད་ཆ་བོད་མིའི་ཆབ་སྲིད་ཀྱི་འགོ་ཁྲིད་མི་མང་གིས་མང་གཙོའི་ལམ་ནས་འོས་འདེམས་བྱེད་བཞིན་ཡོད། ངོས་ཀྱིས་བོད་མིའི་ཆབ་སྲིད་ཀྱི་དབང་ཆ་དེ་མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་དང་བླངས་ཐོག་ནས་དགའ་བཞིན་སྤྲོ་བཞིན། སྤོབས་པ་དང་བཅས་དབང་ཆ་ཡོངས་རྫོགས་རྩིས་སྤྲོད་བྱས་པ་ཡིན། ཁྱེད་རང་ཚོ་གསར་འགོད་པར་འགྲོ་བ་མིའི་བཟང་པོའི་རིན་ཐང་དང་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་རྒྱུར་འོས་འགན་གལ་ཆེ་ཞིག་ཡོད། གསར་འགོད་པ་ཚོས་གླང་པོ་ཆེའི་སྣ་ཁུག་ལྟར་རྒྱབ་མདུན་ཕྱོགས་གཉིས་ཀའི་གནས་ཚུལ་ཤེས་པའི་ཐོག་ནས་མང་ཚོགས་ལ་ཕྱོགས་ལྷུང་མེད་པའི་དངོས་ཡོད་ཀྱི་གནས་ཚུལ་མཁོ་སྤྲོད་བྱེད་དགོས། ཞེས་བཀའ་སློབ་སྩལ་གྲུབ་མཚམས། གསར་འགོད་པ་རྣམས་ཀྱི་དྲི་བ་ཁག་ལ་བཀའ་ལན་སྩལ་ཡོད།
སྐབས་དེར་གསར་འགོད་པ་ཞིག་གིས་དེང་སྐབས་རྒྱ་ནག་སྐམ་སའི་ནང་རྒྱ་རིགས་ནང་པ་ཧ་ཅང་མང་དུ་འགྲོ་བཞིན་པའི་གནད་དོན་སྐོར་བཀའ་འདྲི་ཞུས་པར་བཀའ་ལན་སྩལ་དོན། དེང་སྐབས་འཛམ་གླིང་ནང་དུ་ནང་པ་མང་ཤོས་རྒྱ་ནག་ནང་ཡོད། རྒྱ་ནག་ནང་དུ་ནང་པ་ས་ཡ་ ༤༠༠ ཡོད་སྐོར་བརྗོད་བཞིན་འདུག རྒྱ་ནག་སྐམ་སའི་རྒྱ་རིགས་མང་པོས་ནང་ཆོས་ལ་དོ་སྣང་ཧ་ཅང་ཆེན་པོ་བྱེད་བཞིན་འདུག ཁོང་ཚོས་རྒྱ་གར་ནང་ངོས་ཀྱི་སར་ནས་གསུང་ཆོས་ཉན་དུ་ཡོང་བཞིན་ཡོད། ཅེས་བཀའ་ལན་སྩལ་བ་དང་སྦྲགས། བོད་མིའི་ཆབ་སྲིད་ཀྱི་འཐབ་རྩོད་སྐོར་བཀའ་སྩལ་དོན། བོད་མི་ཚོས་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཁོ་ན་རྩོད་བཞིན་ཡོད་པ་ལས་རྒྱ་ནག་དང་ཁ་བྲལ་གྱི་རང་བཙན་རྩོད་ཀྱི་མེད། ཅེས་བཀའ་ལན་སྩལ་བ་མ་ཟད། དུས་འཁོར་དབང་ཆེན་ཐོག་གི་དྲི་བར་བཀའ་ལན་སྩལ་དོན། རྒྱ་ནག་གཞུང་གིས་དུས་འཁོར་དབང་ཆེན་ལ་བཅར་མཁན་བོད་རིགས་དང་རྒྱ་རིགས་དབར་དབྱེ་བ་འབྱེད་བཞིན་འདུག དེ་སྔ་ཕྱི་ལོ་ ༢༠༡༢ ལོར་ངོས་ཀྱིས་རྒྱ་གར་བྱང་ཕྱོགས་རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་བྱེད་སྐབས། ཆོས་ཞུར་བཅར་མཁན་རྒྱ་རིགས་དང་བོད་རིགས་རྣམས་བོད་དུ་ཕྱིར་ལོག་རྗེས་རྒྱ་ནག་གཞུང་གིས་རྒྱ་རིགས་ཆོས་ཞུ་བ་ཚོར་བསུན་གཙེ་གང་ཡང་མ་བཟོས་པར་བཞག་ཡོད་ཀྱང་། བོད་རིགས་ཆོས་ཞུ་བ་ཚོར་དྲི་རྩད་བྱས་པ་མ་ཟད། ཁང་པའི་ནང་བཟང་བཙོན་དུ་བཀག་ཉར་སོགས་བྱས་འདུག འདི་ལོར་ཆ་མཚོན་ན་ངོས་ཀྱིས་ཕྱི་ཟླ་ ༧ ནང་ལ་དྭགས་སུ་དུས་འཁོར་དབང་བྱེད་བྱ་རྒྱུ་ཡིན། དེར་བརྟེན་རྒྱ་ནག་གཞུང་གིས་ད་ལྟ་ནས་བོད་རིགས་རྣམས་ལ་དམ་བསྒྲགས་བཀག་བསྡོམས་བྱེད་བཞིན་ཡོད་པ་དང་། ལྷག་པར་བོད་རང་སྐྱོང་ལྗོངས་ནས་དུས་འཁོར་དབང་ཆེན་ལ་འགྲོ་མཁན་ཚོར་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད། ཅེས་བཀའ་ལན་སྩལ།།