༢༠༡༤ ཟླ་ ༦ ཚེས་ ༢༤ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༢༤ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་ནང་དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་འཇམ་དཔལ་ཆོས་བཟང་མཆོག་གིས་དབུས་འགན་འཛིན་ལས་འཕར་དགེ་བཤེས་རིག་འཛིན་ཆོས་གྲགས་ལགས་དང་གཡང་མཁོ་རྒྱལ་ལགས་བཅས་ཀྱིས་བོད་པའི་གསར་འགོད་པ་རྣམས་ལ་སྐབས་ ༡༥ པའི་བོད་མི་མང་མདོ་སྨད་སྤྱི་འཐུས་གཅིག་གི་བར་མའི་འོས་བསྡུ་དངོས་གཞིའི་འོས་གྲངས་ཕྱོགས་བསྡོམས་ཀྱི་གསར་འགོད་གསལ་བསྒྲགས་སྤེལ་སོང་དེ་ཡང་ཐོག་མར་དབུས་འོས་བསྡུའི་འགན་འཛིན་འཇམ་དཔལ་ཆོས་བཟང་མཆོག་གིས་ངོ་སྤྲོད་གསུང་བཤད་གནང་དོན།
སྤྱི་འཐུས་གཅིག་གི་བར་མའི་དངོས་གཞིའི་འོས་བསྡུའི་ལས་རིམ་མཇུག་བསྒྲིལ་ཟིན་པ་རེད། ཟླ་བ་འདིའི་ཕྱི་ཚེས་ ༩ ཉིན་བར་མའི་དངོས་གཞིའི་འོས་བསྡུ་འཕེན་པ་རེད། འོས་བསྡུ་རྒྱ་བལ་གཉིས་ནང་བྱས་ཡོད། འབྲུག་ནས་དེབ་སྐྱེལ་བྱེད་མཁན་གཅིག་ཀྱང་བྱུང་མེད། ས་གནས་ཁག་ ༣༨ ནས་མཉམ་ཞུགས་གནང་ཡོད།
ཐེངས་འདིའི་འོས་བསྡུའི་ནང་དེབ་སྐྱེལ་བྱེད་མཁན་མི་གྲངས་ ༣༩༨༦ བྱུང་བ་དང་། འོས་ཤོག་དངོས་སུ་འཕེན་མཁན་མི་གྲངས་ ༡༠༢༥ བྱུང་འདུག དེའི་བརྒྱ་ཆ་ ༢༥་༧༢% ཆགས་ཀྱི་ཡོད། ཅེས་སོགས་ཀྱི་ངོ་སྤྲོད་གནང་གྲུབ་མཚམས་འགན་འཛིན་ལས་འཕར་དགེ་བཤེས་རིག་འཛིན་ཆོས་གྲགས་ལགས་ཀྱིས་ཐེངས་འདིའི་མདོ་སྨད་སྤྱི་འཐུས་གཅིག་གི་བར་མའི་འོས་བསྡུའི་དངོས་གཞིའི་འོས་གྲངས་ཕྱོགས་བསྡོམས་ཀྱི་གསལ་བསྒྲགས་གནང་གསལ།
༡། མིང་། བཀྲ་ཤིས་དོན་གྲུབ། ཕ་ཡུལ། མགོ་ལོག་གསེར་རྟ། ད་ལྟའི་སྡོད་གནས། བལ་ཡུལ། འོས་གྲངས། ༥༨༦ བརྒྱ་ཆ། ༥༧་༡༧%
༢། མིང་། ཚངས་དབྱངས་རྒྱ་མཚོ། ཕ་ཡུལ། མགོ་ལོག ད་ལྟའི་སྡོད་གནས། རྡ་ས། འོས་གྲངས། ༣༡༧ བརྒྱ་ཆ། ༣༠་༩༣%
༣། ། མིང་། ཀརྨ་དགེ་ལེགས། ཕ་ཡུལ། བྱ་ཁྱུང་། ད་ལྟའི་སྡོད་གནས། སྦན་ད་ར། འོས་གྲངས། ༡༡༣ བརྒྱ་ཆ། ༡༡་༠༢%།
ཅེས་ངོ་སྤྲོད་གནང་གྲུབ་མཚམས་གསར་འགོད་པའི་དྲི་བ་ཁག་ལ་ལན་འདེབས་གནང་རྗེས་གསར་འགོད་ལྷན་ཚོགས་གྲོལ། ཐེངས་འདིའི་མདོ་སྨད་སྤྱི་འཐུས་གཅིག་གིས་བར་མའི་འོས་བསྡུའི་རྒྱལ་ཁ་དེ་བལ་ཡུལ་གནས་སྡོད་བཀྲ་ཤིས་དོན་གྲུབ་ལགས་སུ་ཐོབ་པར་སོང་རིང་མིན་ཁོང་གིས་སྐབས་ ༡༥ པའི་མདོ་སྨད་སྤྱི་འཐུས་ཀྱི་འགན་ཁུར་གནང་རྒྱུ་ཡིན་པ་བཅས།།