༢༠༡༤ ཟླ་ ༦ ཚེས་ ༢༣ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༢༢ ཉིན་བཞུགས་སྒར་རྡ་ས་མེཀ་ལོ་གྷན་ཇིར་རྟེན་གཞི་བྱས་པའི་བོད་ཁྱིམ་ཉིན་སློབ་ཚོགས་ཁང་ནང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་མནར་གཅོད་སྡེ་ཚན་དང་། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་ཐུན་མོང་གིས་གོ་སྒྲིག་འོག་རྒྱལ་སྤྱིའི་མནར་གཅོད་ཉིན་མོ་སྲུང་བརྩི་ཞུས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཐོག་སྐུ་མགྲོན་གཙོ་བོ་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་དང་། རྡ་ས་ས་གནས་འགོ་འཛིན་བསོད་ནམས་རྡོ་རྗེ་ལགས། ཆབ་སྲིད་བཙོན་པ་ཟུར་པ་མགོ་ལོག་འཇིགས་མེད་ལགས། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཞོན་རྣམ་རྒྱལ་སྒྲོལ་དཀར་ལགས། འབྲེལ་ཡོད་ལས་བྱེད། མི་མང་བཅས་ཁྱོན་མི་གྲངས་ ༨༠ ཙམ་ལྷན་འཛོམས་ཐོག་ད་བར་བོད་བསྟན་སྲིད་དང་མི་རིགས། རང་དབང་གི་དོན་དུ་ལུས་སྲོག་ལོངས་སྤྱོད་བློས་གཏོང་གནང་མཁན་གྱི་རྒྱལ་གཅེས་པ་ཕོ་མོ་འདས་གསོན་ཡོངས་ལ་གདུང་སེམས་མཉམ་སྐྱེ་མཚོན་ཆེད་མྱ་ངན་གུས་འདུད་ཀྱིས་ངག་བཅད་སྐར་མ་གཅིག་ཞུས།
དེ་རྗེས་སྐུ་མགྲོན་གཙོ་བོ་ འཕྲོད་བསྟེན་བཀའ་བློན་མཆོག་གིས་ཐོག་མར་དེར་འདུས་མང་ཚོགས་རྣམས་ལ་འཚམས་འདྲི་ཞུས་པ་དང་ཆབས་ཅིག་གསུང་བཤད་གནང་དོན། ལོ་ལྟར་ཕྱི་ཟླ་ ༦ ཚེས་ ༢༦ ཉིན་མོར་རྒྱལ་སྤྱིའི་མནར་གཅོད་ཉིན་མོ་སྲུང་བརྩི་ཞུ་བཞིན་ཡོད། ལོ་མང་རིང་ནས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་དང་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་ཐུན་མོང་གིས་གོ་སྒྲིག་འོག་ཉིན་མོ་འདི་སྲུང་བརྩི་ཞུ་གི་ཡོད། རྒྱལ་སྤྱིའི་མནར་གཅོད་ཉིན་མོ་སྲུང་བརྩི་ཞུ་དགོས་དོན་གཙོ་བོ་ནི། འཛམ་གླིང་ནང་མནར་གཅོད་མྱངས་དང་མྱོང་བཞིན་པའི་མི་མང་པོ་ཞིག་ཡོད་པ་རྣམས་ལ་གདུང་སེམས་མཉམ་སྐྱེ་དང་རྒྱབ་སྐྱོར་མཚོན་ཆེད་ཡིན།
འདི་ལོའི་རྒྱལ་སྤྱིའི་མནར་གཅོད་ཉིན་མོའི་བརྗོད་གཞི་ནི་མནར་གཅོད་མྱོང་བཞིན་པ་རྣམས་མནར་གཅོད་ལས་ཐར་ཐབས་སུ་འགོག་རྐྱེན་གང་ཞིག་འཕྲད་ཀྱི་ཡོད་ཀྱང་དེར་གདོང་ལེན་བྱེད་ཕྱོགས་ཞེས་པ་དེ་ཡིན་འདུག དེར་བརྟེན་དེའི་ཐོག་མང་ཚོགས་ནས་ཁྲིམས་བརྒྱུད་མནར་གཅོད་མྱངས་དང་མྱོང་བཞིན་པ་རྣམས་ལ་འགྲོ་བ་མིའི་ཐོབ་ཐང་རག་ཆེད་ཚང་མས་མཐུན་འགྱུར་དང་རྒྱབ་སྐྱོར་གནང་དགོས་པའི་གནས་སྟངས་ཤིག་ཆགས་ཡོད། བོད་ཀྱིས་གཙོས་འཛམ་གླིང་གི་རྒྱལ་ཁབ་མང་པོའི་ནང་མང་ཚོགས་མནར་གཅོད་མྱངས་དང་མྱོང་བཞིན་པ་མང་པོ་ཡོད་པ་དེ་དག་མཁྱེན་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་མ་ཟད། མི་རེ་ངོ་རེས་འགན་འཁྱེར་ཏེ་ཕྱར་གྲུ་མཉམ་འདེགས་ཀྱིས་མནར་གཅོད་མྱངས་དང་མྱོང་བཞིན་པའི་མི་མང་དཀའ་ངལ་ལས་གྲོལ་ཐབས་ཆེད་འབད་བརྩོན་གནང་རྒྱུ་གལ་ཆེན་པོ་ཆགས་ཡོད།
རྒྱལ་སྤྱིའི་མནར་གཅོད་ཉིན་མོ་སྲུང་བརྩི་ཞུས་དགོས་དོན་གཅིག་ནི། མི་གང་ཞིག་མནར་གཅོད་ནས་ཐར་པ། དཔེར་ན། བོད་ནང་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་རྒྱ་གཞུང་གིས་མནར་གཅོད་མྱངས་ནས་རྒྱ་གར་ནང་བྲོས་བཅོལ་དུ་ཕེབས་པ་རྣམས་ལ་སྒྲིག་འཛུགས་དང་ཚོགས་པ་ཁག་གི་ངོས་ནས་འཚོ་བའི་ཆེད་རྒྱབ་སྐྱོར་གནང་རྒྱུ་དང་། སྨན་བཅོས་ཀྱི་མཐུན་རྐྱེན་སྦྱར་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་ཅེས་སོགས་ཀྱི་གསུང་བཤད་གནང་། དེ་ནས་ཆབ་བཙོན་ཟུར་པ་མགོ་ལོག་འཇིགས་མེད་ལགས་ཀྱིས་རྒྱ་ནག་གཞུང་གིས་བཙོན་ཁང་ནང་རང་ཉིད་ལ་མནར་གཅོད་འདྲ་མིན་བཏང་བས་དངོས་མྱོང་ལོ་རྒྱུས་རྣམས་མི་མང་ལ་ངོ་སྤྲོད་ཞིབ་རྒྱས་གནང་།
དེ་རྗེས་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ལས་བྱེད་པ་སངས་དབང་འདུས་ལགས་ཀྱིས་མནར་གཅོད་ཉིན་མོ་དང་འབྲེལ་བའི་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་གསུང་བཤད་སྒྲོགས་སྦྱང་གནང་སྟེ། རྒྱལ་སྤྱིའི་མནར་གཅོད་ཉིན་མོ་སྲུང་བརྩིའི་མཛད་སྒོ་གྲོལ། སྤྱིར་ལོ་ལྟར་ཕྱི་ཟླ་ ༦ ཚེས་ ༢༦ ཉིན་རྒྱལ་སྤྱིའི་མནར་གཅོད་ཉིན་མོ་སྲུང་བརྩི་ཞུ་སྲོལ་ཡོད་ཀྱང་། འདི་ལོའི་ཕྱི་ཟླ་ ༧ ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ཀྱི་རྒྱལ་ས་སླེ་རུ་དུས་འཁོར་དབང་ཆེན་ཐེངས་ ༣༣ པ་སྩལ་གཏན་འཁེལ་ཡོད་པ་ལྟར། མི་མང་དུ་མ་ཞིག་དུས་འཁོར་དབང་ཆེན་ཞུ་ཆེད་བཅར་གྱི་ཡོད་པར་བརྟེན། དུས་ཚོད་སྔ་སྣུར་གྱིས་ཕྱི་ཚེས་ ༢༢ ཉིན་རྒྱལ་སྤྱིའི་མནར་གཅོད་ཉིན་མོ་སྲུང་བརྩི་ཞུས་ཡོད་འདུག