༢༠༡༤ ཟླ་ ༦ ཚེས་ ༥ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༥ ཉིན་འཇིགས་བྲལ་གློག་བརྙན་བཟོ་སྐྲུན་པ་དོན་གྲུབ་དབང་ཆེན་ལགས་རྒྱ་ནག་གཞུང་གིས་ལོ་དྲུག་གི་དུས་བཀག་བརྩོན་འཇུག་གི་ཁྲིམས་ཆད་བཙང་རྗེས་བཙོན་ཁང་ནས་གློས་བཀྲོལ་བཏང་འདུག ཕྱི་ལོ་ ༢༠༠༨ ལོའི་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ཨོ་ལིམ་ཕིག་ལུས་རྩལ་འགྲན་འཚོགས་བསླེབ་ལ་ཉེ་སྐབས། དོན་གྲུབ་དབང་ཆེན་ལགས་དང་མགོ་ལོག་འཇིགས་མེད་རྣམ་གཉིས་ཀྱིས་བོད་ནང་གི་ས་ཁུལ་མང་པོར་གསང་སྟབས་ཀྱིས་སྐོར་སྐྱོད་བྱས་ཏེ། ས་གནས་མང་ཚོགས་ལ་པེ་ཅིན་དུ་ཚོགས་རྒྱུའི་ཨོ་ལེམ་པིག་རྩེད་འགྲན་ཚུགས་རྒྱུར་འདོད་མོས་ཡོད་མེད་དང་བོད་ནང་གི་དངོས་ཡོད་གནས་སྟངས། ༧གོང་ས་མཆོག་དང་བྱེས་གྱར་བོད་མི་ཚོར་དད་པ་དམ་ཚིག་གང་འདྲ་ཡོད་མེད་བཅས་ཀྱི་སྐོར་ལ་གློག་བརྙན་ཕབ་སྐྲུན་བྱས་བར། ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༢༦ ཉིན་རྒྱ་ནག་གཞུང་གི་ཉེན་རྟོག་པས་མཚོ་སྔོན་ཟི་ལིང་ནས་དོན་གྲུབ་དབང་ཆེན་ལགས་འཛིན་བཟུང་བྱས་ཏེ་ལོ་ ༦ རིང་བཙོན་འཇུག་ཁྲིམས་ཐག་བཅད་དེ་ཟི་ལིང་གི་བཙོན་ཁང་ཞིག་ཏུ་ད་བར་བཙོན་འཇུག་མནར་གཅོད་མྱངས་ཡོད།