༢༠༡༤ ཟླ་ ༦ ཚེས་ ༢ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༢༦ ཉིན་སྐུ་ཞབས་ནེ་རེན་དྲ་མོ་དི་མཆོག་རྒྱ་གར་གྱི་སྲིད་བློན་གསར་པའི་དམ་འབུལ་ཞུས་ཡོད། དེ་ཡང་དམ་འབུལ་མཛད་སྒོའི་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཀྱང་མཉམ་ཞུགས་གནང་ཡོད། ཐེངས་འདིར་རྒྱ་གར་གྱི་བདེ་སྲུང་བློན་ཆེན་གསར་བསྐོ་གནང་བ་དང་བསྟུན་རྒྱ་གར་རྒྱལ་ཡོངས་བདེ་སྲུང་སློབ་སྟོན་པ་ National Security Advisor of India སྐུ་ཞབས་ཨ་ཇི་ཏི་དོ་ཝལ་ Dr. Ajit Kumar Doval མཆོག་བསྐོ་གཞག་གནང་ཡོད། ཁོང་དེ་སྔ་རྒྱ་གར་གསང་བའི་ལས་ཁུངས་ (IB) ཀྱི་གཙོ་འཛིན་གནང་མྱོང་ཡོད། དེ་རྗེས་བགྲེས་ཡོལ་དུ་ཕེབས་རྗེས་རྒྱལ་སྤྱིའི་ཝི་ཝེ་ཀ་ནནྡཱ་ཐེབས་རྩའི་ Vivekananda International Foundation འགན་འཛིན་གནང་སྐབས་ཁོང་གིས་རྒྱ་གར་གྱི་བདེ་སྲུང་གནས་སྟངས་ཐོག་གདོང་ལེན་བྱེད་དགོས་པའི་སྐོར་དང་། དེ་བཞིན་རྒྱ་གར་གྱི་ཕྱི་སྲིད་སྐོར། བཙན་བྱོལ་བོད་མིའི་གནས་སྟངས་དང་བོད་མིའི་ཆབ་སྲིད་གནས་སྟངས་སྐོར་སོགས་ཀྱི་དེབ་མང་དག་འབྲི་རྩོམ་གནང་ཡོད།
ཕྱོགས་མཚུངས་ཁོང་གིས་དྲ་རྒྱའི་སྟེང་ཕྱི་ལོ་ ༢༠༡༡ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མང་གཙོའི་ལམ་ནས་འོས་འདེམས་བྱུང་བའི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་རྩིས་སྤྲོད་མཛད་སྐོར་བྲིས་གནང་བ་དང་ཆབས་གཅིག་༸གོང་ས་མཆོག་གིས་བོད་མི་གཞོན་སྐྱེས་མི་རབས་གསར་པར་ཆབ་སྲིད་ཀྱི་སྐུ་དབང་རྩིས་སྤྲོད་མཛད་པ་དེ་ནི་བོད་ཀྱི་གནད་དོན་དེ་གང་ཟག་གཅིག་ལ་ཐུག་པ་ཞིག་མིན་པར་བོད་མི་མང་ཚོགས་ཀྱིས་འགན་འཁྱེར་ནས་གོམ་པ་མདུན་སྤོས་བྱེད་དགོས་པའི་ཆབ་སྲིད་ཀྱི་ལས་འགུལ་ཞིག་ཏུ་འགྱུར་གནང་མཛད་པ་དང་། བོད་ཀྱི་འཐབ་རྩོད་ཡུན་རིང་གནས་རྒྱུར་ཧ་ཅང་ཕན་ཐོགས་ཆེན་པོ་བྱུང་བ་མ་ཟད། དངོས་ཡོད་གནས་ཚུལ་དང་མང་གཙོའི་ལམ་ལུགས་ཀྱི་འགྲོ་སྟངས་དང་མཐུན་པའི་ཞེངས་ཕྱོགས་ཤིག་ཡིན་པའི་བསྔགས་བརྗོད་ཤུགས་ཆེ་གནང་ཡོད། ཕྱོགས་མཚུངས་ཁོང་གིས་ཟིན་བྲིས་ནང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་སྐོར་ལ་འགྲེལ་བཤད་གནང་དོན། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནི་ཤེས་འཇོན་ལྡན་པའི་བོད་མི་གཞོན་སྐྱེས་མི་རབས་གསར་པའི་གྲས་ཤིག་ཡིན་པ་མ་ཟད། རྒྱལ་སྤྱིའི་ནང་འབྲེལ་ལམ་ཡག་པོ་ཡོད་མཁན་ཞིག་ཡིན་པར་བརྟེན་མི་རབས་གསར་པ་ཚོས་མོས་མཐུན་བྱེད་བཞིན་ཡོད་པ་ཞིག་ལ་ངོས་འཛིན་མཛད་བཞིན་ཡོད་སྐོར་བཀའ་སློབ་སྩལ་ཡོད།
སྲིད་སྐྱོང་མཆོག་གི་དབུ་ཁྲིད་ཀྱི་འཇོན་ཐང་དེས་བོད་མི་ཚོར་བོད་ དོན་འཐབ་རྩོད་ལ་སྙིང་སྟོབས་དང་རེ་བ་གསར་པ་ཞིག་བསླེབས་ཡོད། བཙན་བྱོལ་ནང་བོད་མིའི་གྲངས་ཚད་དེ་ཙམ་མང་པོ་མེད་ཀྱང་། བོད་ནང་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་གཏོང་ཐུབ་རྒྱུར་ནུས་པ་ཏན་ཏན་འདོན་ཐུབ། ཅེས་འཁོད་འདུག དེ་ཡང་སྐུ་ཞབས་ཨ་ཇི་ཏི་དོ་ཝལ་མཆོག་དེ་སྔ་རྒྱལ་སྤྱིའི་ཝི་ཝེ་ཀ་ནནྡཱ་ཐེབས་རྩའི་ Vivekananda International Foundation འགན་འཛིན་གནང་སྐབས་ཕྱི་ལོ་ ༢༠༡༡ ཟླ་ ༦ ནང་སྲིད་སྐྱོང་མཆོག་ཐེབས་རྩ་ཁང་དུ་མགྲོན་འབོད་ཞུས་ཏེ་བོད་ནང་གི་འཛུགས་སྐྲུན་ཡར་རྒྱས་སྐོར་གསུང་བཤད་གནང་ཡོད།
དེ་ཡང་སྐུ་ཞབས་ཨ་ཇི་ཏི་དོ་ཝལ་མཆོག་གིས་རྒྱ་གར་མི་ཛོ་རམ་དང་པན་ཇབ། དེ་བཞིན་ཀ་ཤི་མིར་བཅས་མངའ་སྡེ་སོ་སོའི་ནང་འཇིགས་སྐུལ་དྲག་གཅོད་པའི་དཀའ་ངལ་སེལ་ཆེད་རྒྱ་གར་གཞུང་གི་ཆབ་སྲིད་ཀྱི་ཐབས་ལམ་ལག་བསྟར་གནང་བའི་ནང་འགན་ཁུར་གཙོ་བོ་བཞེས་གནང་ཡོད་པ་མ་ཟད། ཕྱི་ལོ་ ༡༩༩༩ ལོར་རྒྱ་གར་གྱི་གནམ་གྲུ་ཨང་ ( Indian Airlines flight IC-814) འཇིགས་སྐུལ་རིང་ལུགས་པ་ཚོས་ཨབ་གྷ་ནི་སི་ཐན་གྱི་གྲོང་ཁྱེར་ཀན་དྷ་ཧར་ Kandahar དུ་བཙན་ཁྲིད་བྱེད་སྐབས་རྒྱ་གར་གཞུང་གི་སྐུ་ཚབ་གནང་ཐོག་འཇིགས་སྐུལ་བ་དང་ལྷན་བཀའ་མོལ་གནང་མཁན་གཙོ་བོ་ཞིག་ཡིན་འདུག ཕྱོགས་མཚུངས་ཕྱི་ལོ་ ༡༩༩༡ ལོར་རོ་མེ་ནི་ཡའི་ Romaniaགཞུང་ཚབ་སྐུ་ཞབས་ལི་ཝི་ཡོ་ར་ཌུ་ Liviu Radu མཆོག་པན་ཇབ་འཇིགས་སྐུལ་དྲག་གཅོད་པ་ཚོས་བཙན་ཁྲིད་བྱས་ཡོད་ཀྱང་ཁོང་གི་ལམ་སྟོན་འོག་སྐྱོབ་ཐུབ་ཡོད། དེ་བཞིན་ཕྱི་ལོ་ ༡༩༨༩ ལོར་པན་ཇབ་ འཇིགས་སྐུལ་དྲག་གཅོད་པ་ཚོར་ཁ་གཏད་གཅོག་རྒྱུའི་ལས་འགུལ་སྤེལ་བའི་ནང་སློབ་སྟོན་པ་གཙོ་གྲས་ཤིག་ཡིན་འདུག