༢༠༡༤ ཟླ་ ༦ ཚེས་ ༢༤ རེས་གཟའ་མིག་དམར།
༄༅། །ལྷ་ས་ཆུང་ཆུང་གི་ལས་གཞི། ཞེས་ལོ་ངོ་གསུམ་གྱི་གོང་ནས་འགོ་འཛུགས་གནང་བའི་བོད་རང་དབང་སློབ་ཕྲུག་ཚོགས་པས་རྒྱ་གར་ན་གཞོན་སློབ་ཕྲུག་རྣམས་ལ་གཙོ་བོར་དམིགས་ཏེ་བདུན་ཕྲག་གཅིག་རིང་བཙན་བྱོལ་བོད་མིའི་གནས་སྟངས་སྤྱི་དང་ལྷག་པར་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག སྒྱུ་རྩལ། ཡུལ་གོམས་གཤིས་ལུགས། བཙན་བྱོལ་བོད་མིའི་འཚོ་ཐབས། བོད་མིའི་ཐུན་མིན་ངོ་བོ། བོད་མིའི་འཐབ་རྩོད་སོགས་ཀྱི་སྐོར་ཟབ་སྦྱོང་གཏིང་ཟབ་ཅིག་སྤྲད་ཡོད། ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་རྒྱ་གར་བའི་སློབ་ཕྲུག་གྲངས་ ༡༤ ཡོད་པ་མ་ཟད། སི་ཀོ་ཊི་ལེན་ཌིའི་ཨེ་ཌིན་བྷར་གཙུག་ལག་སློབ་ཁང་ Tibet Society of Edinburgh University ནས་སློབ་མ་ ༩ བཅས་ཁྱོན་མི་གྲངས་ ༢༣ ཡོད་འདུག
དེ་ཡང་ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༢༠ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བཀའ་ཤག་གི་ཚོགས་ཁང་ནང་ཁོང་རྣམས་དང་ཐུག་འཕྲད་གནང་ཡོད། སྐབས་དེར་སྲིད་སྐྱོང་མཆོག་གིས་བོད་ནང་དུ་བོད་མི་ཚོས་རྒྱ་ནག་གི་དབང་བསྒྱུར་འོག་སྤྱི་ཚོགས་ཀྱི་དབྱེ་འབྱེད་དང་། དཔལ་འབྱོར་ཟུར་ཕུད། ཆབ་སྲིད་དམ་བསྒྲགས། རིག་གཞུང་དང་ཁོར་ཡུག་རྩ་མེད་བཏང་བའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་འོག་དཀའ་སྡུག་ཇི་འདྲ་མྱོང་བཞིན་ཡོད་སྐོར་རྣམས་གསལ་བཤད་གནང་བ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་དམིགས་ཡུལ་གཙོ་བོ་ནི་ད་ལྟ་བོད་ནང་དུ་ཧ་ཅང་ཛ་དྲག་ཆེ་བའི་གནས་སྟངས་འོག་དཀའ་སྡུག་མྱོང་བཞིན་པའི་བོད་མི་ཚོ་སྡུག་བསྔལ་ལས་མྱུར་དུ་ཇི་ལྟར་སྐྱོབ་ཐབས་བྱ་རྒྱུ་དེ་ཡིན་པར་བརྟེན། བོད་མིའི་སྒྲིག་འཛུགས་ཀྱིས་རང་བཙན་མ་རྩོད་པར་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་འཁྱོངས་བྱེད་བཞིན་ཡོད་སྐོར་སོགས་གསལ་བཤད་ཞིབ་ཕྲ་གནང་ཡོད། ཕྱོགས་མཚུངས་སྲིད་སྐྱོང་མཆོག་གིས་སློབ་ཕྲུག་རྣམས་ཀྱིས་དབུ་མའི་ལམ་དང་། རྒྱ་གར་དང་རྒྱལ་སྤྱིའི་ནང་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཇི་ལྟར་ཡོད་མེད་སྐོར་དང་། ཧ་ཅང་འཇིག་སླ་བའི་བོད་ཀྱི་ཁོར་ཡུག་གནས་སྟངས་དང་། དེ་བཞིན་ས་ཆའི་ཆགས་བབ་ཐོག་ནས་བོད་དེ་རྒྱ་དཀར་ནག་གཉིས་དབར་ཆབ་སྲིད་གནད་འགག་གང་འདྲ་ཆགས་མིན་སོགས་ཀྱི་དྲི་བར་ལན་འདེབས་ཀྱང་གནང་ཡོད།