༢༠༡༤ ཟླ་ ༦ ཚེས་ ༡༧ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༡༢ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཞུ་གཏུག་ཚོགས་ཆུང་གིས་སུད་སིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་མགྲོན་འབོད་ཞུས་འདུག
དེ་ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས། སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས། སྤྱི་འཐུས་འཇམ་དབྱངས་བཟོད་པ་ལགས། སྤྱི་འཐུས་བཀྲས་མཐོང་དབང་པོ་ལགས་བཅས་ལས་གྲུབ་པའི་ཞུ་གཏུག་ཚོགས་ཆུང་གིས། སུད་སིའི་རྒྱལ་ས་ (Berne) ནང་ཡུལ་དེའི་རྒྱལ་ཡོངས་གྲོས་ཚོགས་འཐུས་མི་རྣམས་དང་མཇལ་འཕྲད་ཆེད་ཕེབས་སྐབས་སུད་སིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་སུད་སིའི་ལྗང་ཁུ་ཚོགས་པའི་འཐུས་མི་ལྕམ་སྐུ་ (Tiana Moser) མཆོག་དང་། སྤྱི་ཚོགས་མང་གཙོ་ཚོགས་པའི་འཐུས་མི་སྐུ་ཞབས་ (Martin Naf) མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཞུ་གཏུག་ཚོགས་ཆུང་ལ་དགའ་བསུ་ཞུས་འདུག
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཞུ་གཏུག་ཚོགས་ཆུང་གིས་སུད་སིའི་གྲོས་ཚོགས་འཐུས་མི་རྣམས་མཇལ་འཕྲད་ཞུས་སྐབས། སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སོགས་ངོ་སྤྲོད་ཞུས་ཡོད་པ་མ་ཟད། སུད་སིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་བོད་ཀྱི་ཆབ་སྲིད་ཀྱི་གནས་སྟངས་མཁྱེན་རྟོགས་མང་ཙམ་ཡོང་ཆེད་དང་། དེ་བཞིན་བཙན་བྱོལ་ནང་བོད་ཀྱི་ཆོས་དང་རིག་གཞུང་། བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱི་ངོ་བོའམ་རྣམ་པ་འཚོ་གནས་ཡོད་བཞིན་པ་སྔར་བས་མཁྱེན་རྟོག་ཡོང་ཕྱིར་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་བཞུགས་སྒར་རྡ་སར་ཆེད་ཕེབས་ཡོང་བའི་མགྲོན་འབོད་ཞུས་འདུག
ལྷག་པར་ཕན་ཚུན་འབྲེལ་མཐུད་ལེགས་པོ་གནང་གལ་ཆེ་བས་འཛམ་གླིང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་བདུན་པ་དེ་ལོ་རྗེས་མར་ཕ་རན་སིའི་གྲོང་ཁྱེར་ (Strasbourg) ནང་འཚོགས་གཏན་འཁེལ་ཡོད་སྟབས། དེའི་ནང་སུད་སིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་རྣམས་མཉམ་ཞུགས་ཡོང་བའི་ཐུགས་རེ་གནང་གི་ཡོད་སྐོར་སོགས་གནད་དོན་མང་པོའི་ཐོག་གོ་བསྡུར་གནང་བ་མ་ཟད། ད་བར་བོད་དོན་ལ་རྒྱབ་སྐྱོར་མུ་མཐུད་གནང་བར་ཐུགས་རྗེ་ཆེ་ཞུས་འདུག་པ་བཅས། །