༢༠༡༤ ཟླ་ ༦ ཚེས་ ༡༢ རེས་གཟའ་ཕུར་བུ།
༄༅། །བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཞུ་གཏུག་ཚོགས་ཆུང་གིས་བོད་དོན་ཞུ་གཏུག་ཆེད་ཡུ་རོབ་རྒྱལ་ཁབ་གཅིག་ནང་བོད་དོན་ཞུ་གཏུག་གནང་དང་གནང་མུས་ཡིན་པ་ལྟར་ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༡༡ བོད་དོན་ཞུ་གཏུག་ཚོགས་ཆུང་གིས་སུད་སིའི་ཛུ་རིཀ་གྲོང་ཁྱེར་གྱི་གྲོས་ཚོགས་ཀྱི་ཚོགས་གཙོ་སོགས་མཇལ་འཕྲད་ཞུས་འདུག
སྐབས་དེར་གྲོས་ཚོགས་ཀྱི་ཚོགས་གཙོས་ཁོང་རྣམ་པར་ཛུ་རིཀ་གྲོང་ཁྱེར་གྲོས་ཚོགས་ཀྱི་འགྲོ་ལུགས་འགྲོ་སྟངས་ངོ་སྤྲོད་གནང་ཡོད་པ་མ་ཟད། སུད་སིར་གནས་སྡོད་བོད་མི་ཚོ་འགྲོ་སྡོད་སྤྱོད་གསུམ་ཡག་པོ་ཡོད་པའི་བསྔགས་བརྗོད་ཀྱང་གནང་འདུག དེ་བཞིན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཀྱང་ཁོང་ལ་བོད་ནང་གི་ད་ལྟའི་གནས་སྟངས་དང་། བོད་མིའི་སྒྲིག་འཛུགས་ཀྱི་བཞེངས་ཕྱོགས་སོགས་ངོ་སྤྲོད་ཞིབ་ཕྲ་ཞུས་འདུག ཕྱི་ཚེས་ ༡༢ ཉིན་ཞུ་གཏུག་ཚོགས་ཆུང་གི་སྐུ་ཚབ་རྣམ་པ་སུད་སིའི་རྒྱལ་སར་ཆེད་ཕེབས་ཀྱིས་སུད་སིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཁག་གཅིག་དང་མཇལ་འཕྲད་གནང་རྒྱུ་ཡིན་འདུག