༢༠༡༤ ཟླ་ ༦ ཚེས་ ༢༠ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༡༩ ཉིན་བཞུགས་སྒར་མེག་གྷན་དུ་ཡོད་པའི་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་བོད་མིའི་མདུན་ལམ་སློབ་སྟོན་བསྟི་གནས་ཁང་གིས་གོ་སྒྲིག་འོག བུད་མེད་ཚོས་ལས་ཀ་བྱེད་སའི་ས་གནས་སུ་གཞན་གྱིས་བརྙས་བཅོས་འགོག་ཐབས་ཆེད་ནུས་ཤུགས་གོང་སྤེལ་གཏོང་རྒྱུ། Empowering Women to Prevent Sexual Exploitation at Workplace” ཞེས་པའི་བརྗོད་གཞིའི་ཐོག་ཟབ་སྦྱོང་ཞིག་སྤྲད་ཡོད། ཟབ་སྦྱོང་གི་དམིགས་ཡུལ་གཙོ་བོ་ནི་བོད་མི་གཞོན་སྐྱེས་སྤྱི་དང་ལྷག་པར་བུད་མེད་ན་གཞོན་རྣམས་ལག་ཤེས་སོགས་ཀྱི་སྦྱོང་བརྡར་ལེགས་པར་ཐོན་རྗེས་དངོས་སུ་ལས་ཀ་བྱེད་སའི་ས་གནས་སུ་གཞན་གྱིས་བརྙས་བཅོས་གཏོང་སྐབས་ལམ་སེང་འཇིགས་ཞུམ་མེད་པའི་ཐོག་ནས་གོང་དུ་ཞུ་གཏུག་བྱ་རྒྱུ་དང་ལུས་ངག་གི་རྣམ་འགྱུར་སོགས་ཀྱི་ཐོག་ནས་གདོང་ལེན་ཇི་ལྟར་བྱེད་དགོས་མིན་སོགས་ལེགས་སྤེལ་ཉེས་འགོག་གི་ཐབས་ལམ་ལག་བསྟར་ཐུབ་པ་བྱ་རྒྱུ་ཡིན་འདུག
གཞན་ཡང་གོང་ཚེས་ཉིན་ནང་སྲིད་ལས་ཁུངས་ཀྱི་བུད་མེད་ནུས་ཤུགས་གོང་སྤེལ་ཚན་པའི་འབྲེལ་མཐུད་པ་བསྟན་འཛིན་ཚེ་དབྱངས་ལགས་ཀྱིས་གོང་འཁོད་བརྗོད་གཞིའི་ཐོག་སྐྲ་བཟོ་དང་གློག་ཀླད་སྦྱོང་བརྡར་བ་རྣམས་ལ་ཟབ་ཁྲིད་གནང་འདུག ཟབ་སྦྱོང་ཐོག་སྦྱོང་བརྡར་བའི་ཁྲོད་བུ་དྲུག་དང་བུད་མེད་བཅོ་བརྒྱད། དེ་བཞིན་བོད་མིའི་མདུན་ལམ་སློབ་སྟོན་བསྟི་གནས་ཁང་ནས་མིན་པའི་སློབ་མ་ཁག་གཅིག་ཀྱང་མཉམ་ཞུགས་གནང་འདུག
དེ་ཡང་ཟབ་སྦྱོང་དབུ་འབྱེད་སྐབས་ན་གཞོན་རོགས་སྐྱོར་ལས་གཞིའི་འགན་འཛིན་དཔལ་ལྡན་དོན་གྲུབ་ལགས་དང་དཀོན་མཆོག་དོན་གྲུབ་ལགས་རྣམ་གཉིས་ཀྱིས་ཟབ་སྦྱོང་འདིར་རྒྱབ་སྐྱོར་གནང་བ་དང་ཆབས་ཅིག ཟབ་སྦྱོང་བ་རྣམས་ལ་སྦྱོང་བརྡར་ཚར་ལ་ཉེ་བར་འཚམས་འདྲི་དང་། མ་འོངས་པར་སོ་སོའི་ལག་ཤེས་བེད་སྤྱོད་བཏང་སྟེ་རང་ཁ་རང་གསོ་ཐུབ་པ་བྱེད་དགོས་སྐོར་ནན་གསུང་གནང་ཡོད་པ་མ་ཟད། རང་ཉིད་ལས་ཀ་བྱེད་སར་བརྙས་བཅོས་དེ་རིགས་ཡོང་སྲིད་པར་བརྟེན། སོ་སོས་གནས་སྟངས་དེ་རིགས་བརྒྱུད་ལམ་ཚད་ལྡན་བརྒྱུད་ནས་གདོང་ལེན་བྱེད་དགོས་པའི་ལམ་སྟོན་ཡང་གནང་འདུག ཟབ་སྦྱོང་བ་རྣམས་ཀྱི་བརྗོད་གཞི་དང་འབྲེལ་བའི་དྲི་བ་རྣམས་ལ་འབྲེལ་ཡོད་སློབ་སྟོན་པ་རྣམས་ཀྱིས་ལན་འདེབས་གནང་ཡོད་པ་མ་ཟད། སོ་སོར་གཞན་གྱིས་བརྙས་བཅོས་བྱས་པའི་མྱོང་ཚོར་རྣམས་སྦ་གསང་མེད་པའི་ཐོག་གསུངས་ཡོད། ཕྱོགས་མཚུངས་ཐེངས་འདིའི་ཟབ་སྦྱོང་སྐབས་རྒྱ་གར་གྱི་བུད་མེད་ནིར་བྷ་ཡཱ་ (Nirbaya) ཞེས་པའི་མི་ཚེའི་ལོ་རྒྱུས་ཀྱི་གློག་བརྙན་ཞིག་ཀྱང་བསྟན་ཡོད་འདུག