ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༣ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༣ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢།༠༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་ནང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་ཀུན་ཕན་བདེ་རྩས་གོ་སྒྲིག་འོག་རྒྱ་གར་རྒྱལ་ཡོངས་མཐོ་སློབ་ཁག་ ༢༩ ནང་སློབ་གཉེར་བྱེད་བཞིན་པའི་སློབ་ཕྲུག་གྲངས་ ༣༣ དང་ཐུག་འཕྲད་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་དང་སྲིད་བྱུས། དེ་བཞིན་ལྷན་ཁང་ཁག་གི་བྱེད་སྒོ་རྣམ་གསུམ་ངོ་སྤྲོད་དང་འབྲེལ་བོད་མིའི་སྒྲིག་འཛུགས་ངོས་ནས་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཟུང་རྒྱ་ནག་གཞུང་དང་མཉམ་འབྲེལ་མོལ་བརྒྱུད་བོད་དོན་བདེན་མཐའ་གསལ་ཐབས་ལ་འབད་བརྩོན་ཞུ་བཞིན་ཡོད་སྐོར་སོགས་ཀྱི་གསུང་བཤད་ཟབ་རྒྱས་གནང་བ་མ་ཟད། དྲི་བར་ལན་འདེབས་ཀྱང་གནང་།
སློབ་ཕྲུག་དེ་དག་ལ་ཟླ་བ་གཅིག་རིང་བཞུགས་སྒར་རྡ་སའི་ཁུལ་གྱི་བོད་པའི་དགོན་སྡེ་ཁག་ནང་བོད་ཀྱི་ཐུན་མིན་ཆོས་དང་རིག་གཞུང་སོགས་ཀྱི་སྐོར་ངོ་སྤྲོད་དང་སྦྱོང་བརྡར་སྤྲོད་རྒྱུ་ཡིན་འདུག
སྤྱིར་སྒུ་རུ་ཀུལ་ (Gurukul Programme) ལས་འཆར་འདི་བཞིན་ཐོག་མར་ཕྱི་ལོ་ ༡༩༩༤ ལོར་འགོ་བཙུགས་གནང་བ་དང། དེ་སྔ་ལས་འཆར་འདིའི་འོག་མཐོ་སློབ་ཀྱི་སློབ་མ་དྲུག་བདུན་ཙམ་ལས་མཉམ་ཞུགས་གནང་མཁན་མེད་ཀྱང། འདས་པའི་ལོ་དྲུག་གི་སྔོན་ཙམ་ནས་ལས་འཆར་དེར་མཉམ་ཞུགས་གནང་མཁན་མང་དུ་ཕྱིན་ནས་ ལོ་ལྟར་སློབ་མ་བུ་བཅོ་ལྔ་དང་བུ་མོ་བཅོ་ལྔ་བདམས་ནས་རྡ་སར་རྟེན་གཞི་བྱས་པའི་ བོད་པའི་ཆོས་དང་རིག་གཞུང་། གོམས་གཤིས་སོགས་ཉམས་མྱོང་གསོག་རྒྱུ་ཙམ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པ་ཤེས་རྟོགས་བྱ་རྒྱུ་ཡིན་འདུག
་པ་བཅས།།