༢༠༡༤ ཟླ་ ༦ ཚེས་ ༥ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༥ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢།༣༠ ཐོག་བོད་མི་ཁྱད་ལས་དང་བླངས་ཞབས་ཞུའི་ཚོགས་ཁང་ནང་དུ་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་དབུས་པས་ནང་སྲིད་ལས་ཁུངས་ཀྱི་ཟུང་དྲུང་ཡན་གྱི་ལས་བྱེད་རྣམས་དང་། ནིའུ་ཡོཀ་དང་ནིའུ་ཇར་སི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཀུན་དགའ་འཕྲིན་ལས་ལགས། ཚོགས་གཞོན་སྐལ་བཟང་རྒྱ་མཚོ་ལགས། ས་གནས་རང་བདེན་ཚོགས་གཙོ་སྲིན་མེད་བསམ་གཏན་ལགས། ཚོགས་མི་བློ་བཟང་བསམ་གྲུབ་ལགས་བཅས་ཚང་འཛོམས་ཐོག་གཅིག་ཕན་གཅིག་གྲོགས་ཀྱི་ལས་གཞིའི་ (Sister Shichak) དབུ་འཛུགས་གནང་ཡོད། དེ་ཡང་ཐོག་མར་ནང་སྲིད་དྲུང་ཆེ་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་ལགས་ཀྱིས་སྐབས་བཅུ་བཞི་པའི་བཀའ་ཤག་གི་ཆིག་སྒྲིལ། གསར་གཏོད། རང་ཁ་རང་གསོ་བཅས་ལྟ་གྲུབ་གསུམ་གཞིར་བཞག་ཐོག་ཕྱི་རྒྱལ་ཡུལ་གྲུ་ཁག་དང་རྒྱ་གར་ནང་ཡོད་པའི་བོད་རིགས་དབར་སྔར་ལྷག་མཐུན་འབྲེལ་དང་རྡོག་རྩ་གཅིག་བསྒྲིལ་གོང་སྤེལ་གཏོང་ཐབས་དང་། དེ་བཞིན་ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་རིགས་སྤྱི་མཐུན་ཚོགས་པས་རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་གཞིས་ཆགས་ཐུན་རྐྱེན་ཞན་པ་ཁག་གཅིག་ལ་གཅིག་ཕན་གཅིག་གྲོགས་བྱ་རྒྱུའི་ལས་གཞིའི་སྐོར་ངོ་སྤྲོད་ཞིབ་ཕྲ་གནང་ཡོད། དེ་རྗེས་ནིའུ་ཡོཀ་དང་ནིའུ་ཇར་སི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཀུན་དགའ་འཕྲིན་ལས་ལགས་ཀྱིས་བཀའ་ཤག་སྐབས་བཅུ་བཞི་པའི་ལྟ་གྲུབ་གསུམ་ལ་རྒྱབ་སྐྱོར་ཞུས་པ་དང་སྦྲགས། ལས་གཞི་དེའི་འོག་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེར་རྟེན་གཞི་བྱས་པའི་ཧོན་སུར་རབ་རྒྱས་གླིང་དང་སྦན་རྡ་ར་ནོར་རྒྱས་གླིང་བོད་མིའི་གཞིས་ཆགས་གཉིས་ལ་རོགས་སྐྱོར་དང་ལྟ་རྟོག་གི་བདག་སྐྱོང་གནང་རྒྱུའི་བྱུང་རིམ་སོགས་ཀྱི་སྐོར་གསུང་བཤད་གནང་མཚམས། ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་གསུང་བཤད་གནང་དོན།
ངས་བོད་མིའི་སྒྲིག་འཛུགས་དང་། ལྷག་པར་དུ་འབྲེལ་ཡོད་ནང་སྲིད་ལས་ཁུངས་ཀྱི་དབུས་ས་གཉིས་སུ་ཡོད་པའི་ལས་བྱེད་ཡོངས་ཀྱི་ཚབ་ཞུས་ཏེ་ནིའུ་ཡོཀ་དང་ནིའུ་ཇར་སི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་དང་ཚོགས་གཞོན། དེ་བཞིན་རྒྱུན་ལས་བཅས་ལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་གཞི་སྤྱི་དང་།
ལྷག་པར་དེའི་ནང་ནས་གསར་གཏོད་དང་རང་ཁ་རང་གསོའི་ལས་གཞིར་རྒྱབ་སྐྱོར་གནང་བ་བརྒྱུད་ནས་བོད་མིའི་ཆིག་སྒྲིལ་གྱི་ནུས་པ་གོང་མཐོར་གཏོང་ཐབས་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། བོད་མིའི་སྒྲིག་འཛུགས་ཀྱིས་ལས་གཞི་འདིའི་ཐོག་དམིགས་བསལ་འགྲོ་གྲོན་གཏོང་མི་དགོས་པར་སྐུ་ཚབ་དོན་གཅོད་ཁག་སོ་སོ་བརྒྱུད་རེ་སྐུལ་ཞུས་ཡོད་པ་མ་ཟད། དཔལ་ལྡན་སྲིད་སྐྱོང་མཆོག་གཞུང་འབྲེལ་གྱི་ལས་དོན་གཞན་ཆེད་ཕྱོགས་ཕེབས་སྐབས་ཞོར་ལ་གནང་བ་དང་། དེ་བཞིན་ནང་སྲིད་བཀའ་བློན་དང་དྲུང་ཆེ་རྣམ་གཉིས་ནས་ཀྱང་ལས་དོན་གཞན་དང་མཉམ་དུ་ལས་གཞི་འདིའི་སྐོར་ངོ་སྤྲོད་གནང་ཡོད་པ་ལས་ཐོག་མར་བསམ་པ་ནང་ལྟར་རྒྱ་ཆེན་པོ་བྱ་རྒྱུ་བྱུང་མེད། བཀའ་ཤག་གི་ལམ་སྟོན་གཞི་བཟུང་སྐུ་ཚབ་དོན་གཅོད་ཁག་རྒྱུད་སྤྱི་མཐུན་ཚོགས་པ་རྣམས་ལ་ཞུས་ཡོད། བར་སྐབས་ཞིག་ལ་སྦེལ་ཇམ་ནས་ཞལ་བཞེས་བྱུང་།
འོན་ཀྱང་གནས་དོན་གཞན་ཞིག་གི་རྐྱེན་པས་ཁོང་ཚོ་ས་གནས་སུ་ཕེབས་ཐུབ་མེད་ནའང་ང་ཚོས་ཁོང་ཚོ་སྒུག་བཞིན་ཡོད། ད་ལམ་ནིའུ་ཡོཀ་དང་ནིའུ་ཇར་སིའི་བོད་རིགས་སྤྱི་མཐུན་ཚོགས་པ་ས་གནས་སུ་དངོས་སུ་ཕེབས་ཐུབ་པ་དང་།
ང་ཚོས་རེ་བ་བྱས་པ་ལྟར་ལས་དོན་ཐོག་གོམས་པ་སྤོ་ཐུབ་པ་དེར་རྣམ་པ་ཚོའི་རྒྱུད་ནས་ཚོགས་མི་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ལས་གཞི་འདི་བཞིན་རིམ་པས་ཡག་ཏུ་འགྲོ་བའི་རེ་བ་ཆེན་པོ་ཡོད། ཁ་ཤས་ཀྱི་གོ་བརྡ་ལེགས་པོ་མ་འཕྲོད་པར་ནང་སྲིད་ལས་ཁུངས་ཀྱི་ལས་གཞི་ཁོ་ནའི་ཆེད་ཡིན་པ་ལྟ་བུ་དྲན་མཁན་འདུག དེ་འདྲ་མ་རེད། ལས་འཆར་འདི་སྲིད་སྐྱོང་མཆོག་གི་དགོངས་པ་གཞི་བཟུང་བཀའ་ཤག་གིས་གཏན་འབེབས་གནང་བ་ཞིག་རེད། ལས་གཞི་འདི་གཞིས་ཆགས་ཁག་དང་འབྲེལ་བ་ཡོད་པར་བརྟེན་ལས་འགན་དེ་ནང་སྲིད་ལས་ཁུངས་ཀྱིས་ལེན་པ་རེད། ཤེས་ཡོན་དང་། འཕྲོད་བསྟེན། ཆོས་དང་རིག་གཞུང་། ཆབ་སྲིད་སོགས་ལས་གཞི་གང་གི་ཐོག་ལའང་ས་གནས་སུ་རོགས་པ་གནང་ན་འགྲིག་གི་ཡོད་པ་ལས་ནང་སྲིད་ལས་ཁུངས་ཀྱི་ལས་གཞི་ཁོ་ནའི་ཆེད་རོགས་སྐྱོར་གནང་དགོས་པའི་ཁྱབ་པ་མེད། ལས་གཞི་འདིའི་ཐོག་ཐོག་མར་གོམས་པ་རྒྱག་མཁན་དེ་ནིའུ་ཡོཀ་དང་ནིའུ་ཇར་སི་བོད་རིགས་སྤྱི་མཐུན་ཚོགས་པ་ཆགས་ཀྱི་ཡོད་པར་བརྟེན་སླར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་སོགས་གསུངས་ཡོད།