༢༠༡༤ ཟླ་ ༦ ཚེས་ ༦ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༥ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༣།༡༥ ཙམ་ལ་རྡ་སྟེང་བོད་ཁྱིམ་ཚོགས་ཁང་ནང་རྒྱ་གར་དང་ཕྱི་རྒྱལ་གྱི་མཐོ་སློབ་ཁག་ ༡༠༠ ལྷག་ཙམ་ནས་སློབ་ཕྲུག་ ༨༤༠ དང་། བོད་ཁྱིམ་སློབ་གྲྭ་ཁག་གི་སློབ་ཕྲུག་ ༡༣༠༠། ཤེས་རབ་དགའ་ཚལ་སློབ་གླིང་གི་སློོབ་ཕྲུག་ ༢༧༠། ཤེས་རིག་སམ་བྷོ་ཊའི་ཁྱབ་ཁོངས་ཀྱི་སློབ་གྲྭ་ཁག་ལྔ་ནས་སློབ་ཕྲུག་ ༩༢ བཅས་ཁྱོན་སློབ་ཕྲུག་གྲངས་ ༢༥༠༠། བརྒལ་བར་སྲིད་སྐྱོང་མཆོག་གིས་དབུ་མའི་ལམ་དང་དོལ་རྒྱལ་སྐོར་གསུང་བཤད་གནང་དོན། ཚང་མར་བཀྲ་ཤིས་བདེ་ལེགས་ཡོད། བོད་ཁྱིམ་གྱི་སློབ་གྲྭ་ཁག་གིས་སློབ་ཕྲུག་ཚོར་ནང་ཆོས་ངོ་སྤྲོད་དུ་བཅར་གྱི་ཡོད་པ་ལྟར། འདི་ལོར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་འབད་བརྩོན་བྱས་ཏེ་ཌལ་ཧོར་དང་། མ་སུ་རི། སིམ་ལ། ཅོན་ཏཱ་ར། སྤོན་ཊ་བཅས་ཀྱི་སློབ་གྲྭ་ཁག་ལྔ་ནས་ཀྱང་སློབ་ཕྲུག་ ༩༢ ཙམ་བཅར་ཡོད། ཁྱེད་ཚོ་ནང་ཆོས་ཡག་པོ་རྟོགས་ཐུབ་ཀྱི་འདུག་གམ། ང་ལ་དུས་རྒྱུན་དུ་དྲི་བ་ཞིག་ཡོད་པ་དེ་ནི་ནང་ཆོས་ཟེར་ན་གང་རེད་དམ་འདི་ཡིན། ཕྱིར་ལོགས་སུ་མཐོ་སློབ་ནས་ཡིན་པའི་སློབ་ཕྲུག་གསུམ་འདུག ཆོས་ཟེར་ན་གང་རེད་དྲིས་པས། Peace, Compassion, harmony རེད་བརྗོད་ཀྱི་འདུག དེ་རིང་སྔ་དྲོ་བོད་མིའི་སྒྲིག་འཛུགས་ཐོག་ནས་དབུ་མའི་ལམ་གྱི་གོ་རྟོགས་ཡོང་རྒྱུའི་ལས་འགུལ་ཞིག་དབུ་འབྱེད་བྱས་ཡོད། སྤྱིར་བཏང་ང་ཚོས་ཕྱི་རྒྱལ་གྱི་ལུང་པ་མང་དག་ཅིག་ལ་བཅར་སྐབས། མང་པོ་ཞིག་གིས་དབུ་མའི་ལམ་གྱི་སྐོར་ཤེས་ཀྱི་འདུག འོན་ཀྱང་ཁག་གཅིག་གིས་ཞིབ་ཕྲ་མ་ཤེས་པ་དང་། དེ་བཞིན་གོ་ནོར་ཐེབས་མཁན་ཡང་མང་པོ་འདུག
དེར་བརྟེན་ང་ཚོའི་ངོས་ནས་དབུ་མའི་ལམ་གང་འདྲ་ཞིག་ཡིན་མིན། རྒྱལ་སྤྱིའི་སྡིངས་ཆའི་ཐོག་ཁ་གསལ་པོ་ཞིག་ཞུ་ཐུབ་ན་དགེ་མཚན་ཆེན་པོ་མཐོང་བྱུང། དམིགས་བསལ་རྒྱ་ནག་གཞུང་གི་སྐུ་ཚབ་དང་གཞུང་ཚབ་བརྒྱུད་ནས་ཕྱི་རྒྱལ་ཁག་གི་གནད་ཡོད་མི་སྣ་དང་མི་དམངས་ནང་དབུ་མའི་ལམ་གྱི་སྐོར་ལ་འགྲེལ་བཤད་ལོག་པ་བརྒྱབ་སྟེ་གོ་ནོར་ཐེབས་པ་མང་པོ་ཡོང་གི་འདུག དེ་དག་གདོང་ལེན་ཆེད་ང་ཚོས་ལས་འགུལ་འདི་སྤེལ་བ་རེད། ཅེས་དང་། དེ་བཞིན་དབུ་མའི་ལམ་གྱི་ངོ་བོ་དང་གྲུབ་འབྲས་སོགས་ཀྱི་སྐོར་ངོ་སྤྲོད་དང་སློབ་སྦྱོང་ཡག་པོ་བྱེད་རྒྱུ་གལ་ཆེན་ཡིན་སྐོར་གསུངས། ལྷག་པར་སྲིད་སྐྱོང་མཆོག་གིས་དོལ་རྒྱལ་སྐོར་གསུང་དོན། ད་ལྟ་གོང་དུ་གོ་སྒྲིག་ཚོགས་ཆུང་གིས་གསུངས་པ་བཞིན། དོལ་རྒྱལ་དང་འབྲེལ་བའི་སྐོར་ཚིག་འགའ་ཤས་ཤིག་བརྗོད་འདོད་བྱུང་། དོལ་རྒྱལ་དང་འབྲེལ་བའི་སྐོར་ཁ་སང་ཚོགས་གཙོ་མཆོག་གིས་ཧ་ཅང་གསལ་པོ་གསུངས་ཡོད་པ་མ་ཟད། ༸གོང་ས་མཆོག་གིས་ཀྱང་བཀའ་སློབ་རབ་དང་རིམ་པ་ཕེབས་ཡོད། ཉེ་ཆར་དོལ་རྒྱལ་རྗེས་འབྲངས་པ་ཚོས་༸གོང་ས་མཆོག་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཆིབས་སྒྱུར་བསྐྱངས་སྐབས་ཁོང་ཚོས་ངོ་རྒོལ་དང་སྐད་འབོད་བྱས་པར་བརྟེན། བཀའ་ཤག་གི་གསར་འགོད་གསལ་བསྒྲགས་ཀྱི་ལམ་ནས་གསལ་བཤད་བྱས་ཡོད། ཉེ་ཆར་༸གོང་ས་མཆོག་ནོར་ཝེ་ཁུལ་དུ་ཆིབས་སྒྱུར་བསྐྱངས་སྐབས་ནོར་ཝེ་མི་དམངས་སྟོང་ཕྲག་མང་པོ་དགའ་དད་སྤྲོ་གསུམ་ཐོག་ནས་ལམ་ཟུར་དུ་སྒུག་སྟེ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་དང་། དེ་བཞིན་གསར་འགྱུར་རྒྱུད་ལམ་ཁག་གིས་ཀྱང་༸གོང་ས་མཆོག་ནོར་ཝེར་ཆིབས་སྒྱུར་བསྐྱངས་པར་བསྔགས་བརྗོད་ཞུས་ཡོད་པ་མ་ཟད། ནོར་ཝེ་གཞུང་གི་འགན་འཁུར་ཡོད་པའི་འགོ་ཁྲིད་ཚོར་༸གོང་ས་མཆོག་དང་ལྷན་མཇལ་འཕྲད་དང་ཕེབས་བསུ་ཞུས་དགོས་སྐོར་ཤུགས་ཆེར་བརྗོད་ཡོད།
འོན་ཀྱང་དོལ་རྒྱལ་རྗེས་འབྲངས་པ་ཚོས་གསར་འགོད་པ་རྣམས་ལ་ནོར་ཝེ་གཞུང་གི་གནད་ཡོད་མི་སྣས་རྒྱ་ནག་གཞུང་གི་གནོན་ཤུགས་འོག་༸གོང་ས་མཆོག་དང་མཇལ་འཕྲད་ཞུས་ཀྱི་མིན་བརྗོད་པ་དེར་རྒྱབ་སྐྱོར་ཡོད་ཅེས་བཤད་པ་རེད། དེས་གང་སྟོན་གྱི་ཡོད་དམ་ཞེ་ན། དོལ་རྒྱལ་རྗེས་འབྲངས་པ་ཚོས་ཁ་ནས་ཆོས་དད་རང་དབང་མི་འདུག་ཤོད་ཀྱི་ཡོད་ཀྱང་། དོན་དངོས་རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་བེད་སྤྱོད་འོག་ཚུད་ནས་ཆབ་སྲིད་ཁོ་ནའི་ལས་འགུལ་སྤེལ་གྱི་ཡོད། དེར་བརྟེན་དོལ་རྒྱལ་སྐོར་དེ་ཆོས་དད་རང་དབང་ཁོ་ནར་འབྲེལ་བ་ཡོད་པ་རྩ་བ་ཉིད་ནས་མ་རེད། ང་ཚོའི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་ཉིན་རེ་བཞིན་ཧ་ཅང་རྒྱས་བཞིན་ཡོད། ༸གོང་ས་མཆོག་ཕྱི་རྒྱལ་ཡུལ་གྲུ་གང་དུ་ཆིབས་སྒྱུར་བསྐྱང་ཡང་དགའ་བསུའི་རྟེན་འབྲེལ་དང་། བསྔགས་བརྗོད་ཞུ་མཁན་ཧ་ཅང་མང་པོ་ཡོད་པའི་སྐབས་འདིར་དོལ་རྒྱལ་རྗེས་འབྲངས་པས་མཚན་སྨད་ཞུ་རྒྱུ་ཁོ་ནར་དམིགས་ཏེ་ངོ་རྒོལ་སྐད་འབོད་བྱས་པར་བློ་ཕམ་པའི་གནས་ཚུལ་ཡིན། འདི་ཆོས་དང་འབྲེལ་བ་ མེད། དེར་བརྟེན་གཞོན་སྐྱེས་དང་མི་དམངས་རྣམས་ནས་མཁྱེན་དགོས་པ་དང་དོ་སྣང་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཁོ་རང་ཚོས་གང་ཤོད་ཀྱི་ཡོད་དམ་ཞེ་ན། ང་ཚོ་དོལ་རྒྱལ་སྟེན་མཁན་ཚོར་ཆོས་དད་རང་དབང་མི་འདུག ཆོས་བྱེད་ཆོག་གི་མེད་པ་མ་ཟད། གཞིས་ཆགས་དང་། སློབ་གྲྭ་ཁག་གི་ནང་འགྲོ་སྡོད་ཆོག་གི་མེད། སློབ་གྲྭ་ནང་ནས་ཕྱིར་འབུད་བྱེད་ཀྱི་འདུག་ཅེས་ཁུངས་མེད་ཀྱི་སྐྱོད་འཛུགས་བྱེད་ཀྱི་ཡོད། དོལ་རྒྱལ་སྟེན་མཁན་ཁོ་རང་ཚོར་བསྟི་གནས་ཡོད། ཁོ་རང་ཚོའི་བསྟི་གནས་ནང་གང་བྱེད་པ་ཡིན་ནའང་བཀག་འགོག་བྱེད་མཁན་སུ་ཡང་མེད།
འོན་ཀྱང་ཆོས་དད་རང་དབང་མེད་ཅེས་ཤོད་ཀྱི་ཡོད། རྩ་བའི་ཁ་སྔོན་བཀའ་ཤག་གི་གསལ་བཤད་ནང་ཧ་ཅང་གསལ་པོ་ཞུས་ཡོད། བོད་མི་སུ་ཞིག་ཡིན་རུང་དཔྱ་ཁྲལ་ལག་དེབ་བཟོ་དགོས་ཀྱི་ཡོད། དཔྱ་ཁྲལ་ལག་དེབ་འདི་ས་གནས་འགོ་འཛིན་གྱི་རྒྱབ་གཉེར་ཐོག་དཔལ་འབྱོར་ལས་ཁུངས་ནས་གནང་གི་ཡོད། རྒྱ་གར་ནང་གནས་སྡོད་བྱེད་པར་སྐྱབས་བཅོལ་ལག་དེབ་ (R.C) དགོས་ཀྱི་ཡོད། སྐྱབས་བཅོལ་ལག་དེབ་རྒྱ་གར་གཞུང་ནས་གནང་གི་ཡོད་ནའང་དེ་ཐོབ་པར་ས་གནས་འགོ་འཛིན་དང་བདེ་སྲུང་ལས་ཁུངས་ཀྱི་རྒྱབ་གཉེར་དགོས་ཀྱི་ཡོད། བོད་མི་སུ་ཞིག་ཡིན་རུང་ཕྱི་རྒྱལ་དུ་འགྲོ་ཆེད་ (I.C) དེབ་སེར་པོ་དགོས་ཀྱི་ཡོད། དེབ་སེར་པོ་ལྡི་ལི་དོན་གཅོད་ཀྱི་རྒྱབ་གཉེར་འོག་རྒྱ་གར་གཞུང་ནས་གནང་གི་ཡོད
དཔལ་འབྱོར་ལས་ཁུངས་ནས་དོལ་རྒྱལ་སྟེན་མཁན་ཡིན་དང་མིན་གྱི་དབྱེ་བ་འབྱེད་ཀྱི་མེད། གལ་སྲིད་བོད་མིའི་སྒྲིག་འཛུགས་ནས་དོལ་རྒྱལ་སྟེན་མཁན་ཚོར་དབྱེ་བ་འབྱེད་དགོས་ཀྱི་ཡོད་ན། དཔྱ་ཁྲལ་ལག་དེབ་དང་སྐྱབས་བཅོལ་ལག་དེབ་ཐོག་དབྱེ་འབྱེད་བྱས་ཆོག་ཆོག་ཡོད་ཀྱང་དུས་ད་ལྟ་བར་དུ་དབྱེ་བ་ཕྱེ་བའི་གནས་ཚུལ་ཤོད་རྒྱུ་མེད། དེར་བརྟེན་ང་ཚོས་བོད་མི་གཅིག་མཚུངས་ལ་གནང་བ་ལྟར་དོལ་རྒྱལ་སྟེན་མཁན་ཚོར་བྱེད་ཀྱི་ཡོད་སྟབས། ཁོ་པ་ཚོ་རྒྱ་གར་དུ་གནས་ཐུབ་ཀྱི་ཡོད། དམིགས་བསལ་ཕྱི་རྒྱལ་དུ་འགྲོ་མཁན་ཡིན་ན་དེབ་སེར་པོ་དགོས་ཀྱི་ཡོད། དོལ་རྒྱལ་སསྟེན་མཁན་ཕྱི་རྒྱལ་དུ་ཡོད་མཁན་མང་ཆེ་བ་དེབ་སེར་པོ་འཁྱེར་ན་ཕྱིན་པ་ཞིག་ཆགས་ཀྱི་ཡོད། དེ་དག་བོད་མིའི་སྒྲིག་འཛུགས་ཀྱི་རྒྱབ་གཉེར་ཡོད་པའི་ཐོག་ནས་བྱུང་བ་ཞིག་རེད། ཅེས་སོགས་ཀྱི་གསུང་བཤད་དང་དྲི་བར་ལན་འདེབས་ཀྱང་རྒྱས་པར་གནང་ཡོད།