༢༠༡༤ ཟླ་ ༦ ཚེས་ ༥ རེས་གཟའ་ཕུར་བུ།
༄༅། །འདི་གར་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་ཕྱི་་ལོ་ ༢༠༡༤ ཟླ་ ༦ ཚེས་ ༥ ཉིན་བཏང་གནས་ནང་འཁོད་དོན། ཕྱི་ཟླ་ ༦ ཚེས་ ༤ དགོང་དྲོ་ཐེ་ཝན་རང་དབང་ཐང་ཆེན་མདུན་ཐང་དུ་ཐེ་ཝན་སློབ་ཕྲུག་གི་རྒྱ་ནག་མང་གཙོ་སྐུལ་སྤེལ་ལས་དོན་ཚོགས་ཆུང་དང་། ཐེ་ཝན་གྱིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སེམས་ཁུར་མཐུན་ཚོགས། རྒྱ་རིགས་མང་གཙོ་དེབ་ཁང་བཅས་ཀྱིས་གཙོ་འགན་དང་། སྤྱི་དམངས་སྟོབས་ཤུགས། ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་། ཐེ་ཝན་འགྲོ་བ་མིའི་ཐོབ་ཐང་སྐུལ་སྤེལ་ཚོགས་པ། སློབ་གྲྭ་ཁག་གི་སློབ་མའི་མཐུན་ཚོགས་སོགས་ཚོགས་པ་བཅུ་གྲངས་ཤིག་མཉམ་འབྲེལ་ཐོག་རྒྱ་ནག་གནམ་བདེ་སྒོ་མོའི་ཐང་ཆེན་གྱི་དོན་རྐྱེན་བྱུང་ནས་ལོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི་ཞུ་བའི་མཚན་ཚོགས་རྒྱ་ཆེ་ཞིག་གོ་སྒྲིག་གནང་ཡོད། ཚོགས་ཐོག་སྐབས་དེའི་དོན་རྐྱེན་ནང་བཞུགས་མྱོང་མཁན་སློབ་ཕྲུག་གི་འགོ་གཙོ་དང་། ཐེ་ཝན་གྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་འགན་འཁུར་སོགས་མི་གྲངས་སུམ་ཅུ་བརྒལ་བས་གཏམ་བཤད་སྤེལ། ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་༧གོང་ས་མཆོག་གིས་དྲུག་བཞིའི་དོན་རྐྱེན་བྱུང་ནས་ལོ་ ༢༥ འཁོར་བའི་གསུང་འཕྲིན་སྒྲོགས་སྦྱང་གནང་བ་དང་ཁོང་གིས་མུ་མཐུད་གསུངས་དོན། ༡༩༨༩ ལོར་རྒྱ་གཞུང་ནས་པེ་ཅིང་གནམ་བདེ་སྒོ་མོའི་ཐང་ཆེན་དུ་མང་གཙོ་དོན་གཉེར་ཅན་ལ་དྲག་གནོན་བྱེད་སྐབས། ༧གོང་ས་མཆོག་ནས་རྒྱ་གཞུང་ལ་སྐྱོན་བརྗོད་བྱས་པར་སྐབས་དེར་བོད་རྒྱ་ཞི་མོལ་འགྲོ་བཞིན་ཡོད་པར་འབྲེལ་ཡོད་ལས་སྣེ་ནས་རྒྱ་གཞུང་ལ་སྐྱོན་བརྗོད་བྱས་ཚེ་བོད་རྒྱ་ཞི་མོལ་གྱི་ལས་གཞིར་དོ་ཕོགས་འགྲོ་ངེས་ཞེས་པའི་བསམ་ཚུལ་བཏོན་པར།
༸གོང་ས་མཆོག་གིས་རྒྱ་གཞུང་གི་བྱ་སྤྱོད་འདི་རིགས་ལ་སྐྱོན་བརྗོད་མ་བྱས་ན། ང་ཚོའི་འཐབ་རྩོད་ལ་ཡང་དྲང་བདེན་མེད་པ་ཆགས་ངེས་ཞེས་གསུངས་ནས་རྒྱ་གཞུང་ལ་སྐྱོན་བརྗོད་གནང་ཡོད། ཕྱི་ལོ་ ༡༩༨༩ ལོའི་དྲུག་བཞིའི་དོན་རྐྱེན་བྱུང་བའི་ཟླ་བ་གསུམ་གྱི་གོང་། རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སར་བོད་མིའི་ཞི་རྒོལ་ལ་དྲག་གནོན་དང་། དྲག་པོའི་བཀག་རྒྱ་བདམས་ཡོད། རྒྱ་ནག་གི་གསར་འགོད་པ་ཐང་ཏཱ་ཤན་གྱིས་སྐབས་དེར་ཉུང་མཐར་བོད་མི་གྲངས་ ༤༠༠ ལྷག་དམར་བསད་བཏང་ཡོད་པ་བཤད་ཡོད། ༡༩༨༩ ལོར་ལྷ་སར་དྲག་པོའི་བཀག་རྒྱ་བདམས་པ་དེ་ཐེངས་དང་པོ་མིན། ཐེངས་དང་པོ་ནི་ ༡༩༥༩ ཕྱི་ཟླ་ ༣ ནང་རེད། ལྷ་སར་དྲག་པོའི་བཀག་རྒྱ་ཐེངས་དང་པོ་བདམས་ནས་ད་བར་མི་ལོ་ ༥༥ སོང་བ་དང་། བཀག་རྒྱ་ཐེངས་གཉིས་བདམས་ནས་ལོ་ ༢༥ ལྷག་འདས་རུང་། བོད་ནང་གི་གནད་དོན་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་རྒྱུ་ལྟ་ཅི། དེ་ལས་ལྡོག་སྟེ་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་སྟེ། འདས་པའི་ལོ་ཤས་ནང་བོད་མི་ ༡༣༠ ལྷག་གིས་བོད་མི་རིགས་དང་རང་དབང་གི་ཆེད་དུ་རང་ལུས་མེར་སྲེག་བཏང་ཞིང་། རྒྱ་གཞུང་གི་བརྡ་ལན་ནི་ཁོང་ཚོའི་ནང་མི་སོགས་འཇུ་བཟུང་བྱས་ཏེ་ཉེས་ཆད་ལྗིད་མོ་བཏང་བ་དེ་རེད། དེང་སང་རྒྱ་ནག་གི་དམག་མི་དང་དཔོན་རིགས་བོད་ཀྱི་དགོན་པ་དང་གྲོང་སྡེ་ཁག་ནང་བཅའ་སྡོད་དང་། དགོན་པའི་བདག་གཉེར་ཨུ་ཡོན་ལྷན་ཁང་ཟེར་བའི་འགོ་པ་ནི་ཆོས་མེད་སྨྲ་བའི་རྒྱ་ནག་དཔོན་རིགས་བསྐོ་གཞག་གིས་དགོན་པའི་ཆོས་ཕྱོགས་དང་འཛིན་སྐྱོང་ཚང་མ་ཐད་ཀར་སྟངས་འཛིན་བྱེད་པ་དང་། བོད་མི་དཀྱུས་མ་ཞིག་ས་ཆ་གཞན་ལ་བསྐྱོད་དགོས་བྱུང་ན། གྲོང་སྡེ་ནང་གི་རྒྱ་དཔོན་དང་བདེ་སྲུང་ལས་ཁང་གི་བཀའ་འཁྲོལ་དགོས་ཀྱི་ཡོད།
དེ་བཞིན་ཉིན་ཤས་སྔོན་བོད་མི་གཞས་པ་དགེ་པེ་ཞུ་བས་བོད་མི་རིགས་ཀྱི་བདེ་སྡུག་སྐོར་གྱི་གླུ་གཞས་བཏང་པའི་རྐྱེན་གྱིས་འཇུ་བཟུང་དང་། དེའི་སྔོན་དུ་དེ་འདྲའི་གླུ་པ་མང་པོ་འཛིན་བཟུང་དང་ཉེས་ཆད་ལྗིད་མོ་བཏང་ཡོད། རྒྱ་གཞུང་གི་བྱེད་སྟངས་ཚང་མའི་མཐའ་མའི་དམིགས་ཡུལ་ནི་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་རྩ་མེད་བཟོ་རྒྱུ་དེ་རེད། བོད་ཀྱི་སྐད་ཡིག་བརླགས་པ་ཡིན་ན་ཆོས་དང་རིག་གཞུང་། མི་རིགས་ཀྱི་ངོ་བོ་ཡང་མེད་པ་ཆགས་ངེས་ལྟར། རྒྱ་གཞུང་གིས་བོད་མི་རིགས་རྩ་མེད་བཟོ་རྩིས་འདུག་ཟེར་བ་དེ་འུར་སྒྲ་སྒྲོག་པ་ཞིག་རྩ་བ་ནས་མ་རེད། དེ་ལྟར་༧གོང་ས་མཆོག་གིས་གསུངས་པ་བཞིན་གལ་སྲིད་འགྲོ་བ་མིའི་ཐོབ་ཐང་དང་། མང་གཙོ། རང་དབང་སོགས་འགྲོ་བ་མིའི་མཐུན་མོང་གི་རིན་ཐང་དེ་མེད་ན་མི་རིགས་འདྲ་མཉམ་ཡོད་མི་སྲིད། ཐེ་ཝན་མིའམ། ཧོང་ཀོང་མི། རྒྱ་ནག་མི་སོགས་ཚང་མར་ཡང་དོན་དམ་པའི་རང་དབང་དང་ལ་རྒྱ་ཡོད་མི་སྲིད་སོགས་གཏམ་བཤད་གནང་།
གོ་སྒྲིག་ཚོགས་ཆུང་ནས་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པའི་མང་གཙོ་དོན་གཉེར་བ་དང་། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་རྒྱ་མི་རིགས་གནད་ཡོད་མི་སྣ་ཁག་གཅིག་གི་འདྲ་པར་དང་ཁོང་ཚོའི་ལོ་རྒྱུས་ངོ་སྤྲོད་གནང་བའི་ཁོངས་སུ། བོད་མི་དཀོན་མཆོག་དབང་མོ་ལགས་ཀྱིས་རང་མུས་མེར་བསྲེག་བཏང་སྟེ་འདས་གྲོངས་སུ་གྱུར་རྗེས། ཁོང་གི་བཟའ་ཟླ་སྒྲོལ་མ་སྐྱབས་ལགས་འཇུ་བཟུང་སྐོར་ངོ་སྤྲོད་གནང་ཡོད་པ་རེད།
ཐའེ་ཝན་གསར་ལམ་ཁག་ནས་ཐེངས་འདིའི་མཚན་ཚོགས་ནང་སློབ་ཕྲུག་གཙོ་བོར་གྱུར་བ་མི་གྲངས་ ༣༠༠༠ ལྷག་མཉམ་འཛོམས་ཐུབ་པ་བརྗོད་ཡོད་པ་ལྟར་མི་ཚོགས་མང་པོ་འཛོམས་ཡོད་པས། གངས་ལྗོངས་དཔེ་སྐྲུན་ཁང་ནས་བོད་དོན་སྐོར་གྱི་དེབ་ ༡༥ ལྷག་ཚོང་འགྲེམས་དང་། མི་ཚོགས་ཁྲོད་༧གོང་ས་མཆོག་གི་གསུང་འཕྲིན་དང་བོད་དོན་ངོ་སྤྲོད་དེབ་ཆུང་བཀྲམ་པ། དེ་བཞིན་བོད་དོན་རྒྱབ་སྐྱོར་གནང་མཁན་ཚོགས་པ་གཞན་ཁག་ནས་ཀྱང་བོད་དང་འབྲེལ་བའི་དེབ་དང་ཚོང་ཟོག་ཚོང་འགྲེམས་བྱས་ཏེ་བོད་དོན་སྐོར་ངོ་སྤྲོད་ཤུགས་ཆེ་བྱེད་ཐུབ་ཡོད།