༢༠༡༤ ཟླ་ ༦ ཚེས་ ༢༦ རེས་གཟའ་ཕུར་བུ།
༄༅། །བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༩ པའི་འོག་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ་ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༢༥ ནས་ཚེས་ ༢༨ བར་ལྷན་ཚོགས་གནང་བའི་རྒྱབ་གཉེར་སྙན་ཐོ་ནང་གསལ་མཇུག་སྐྱོང་གནང་ཕྱོགས་སླད། དཔལ་ལྡན་སྲིད་སྐྱོང་མཆོག་ནས་ཕྱི་གསལ་ནང་གསལ་དགོས་ཞེས་ཕེབས་དོན་འཛིན་སྐྱོང་ནས་འབྲེལ་ཡོད་དོན་ཚན་ཁག་སོ་སོར་མཇུག་སྐྱོང་ལག་བསྟར་ཞུས་པ་ཁག་རྒྱ་ཆེའི་མང་ཚོགས་ཀྱི་གསལ་རྟོགས་ཆེད་སྙན་སེང་ཞུ་རྒྱུ་གཤམ་གསལ།
བརྗོད་གཞི་དང་པོ།
ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་བོད་གཞུང་མང་གཉིས་ནས་གདོང་ལེན་གྱིས་
བོད་མིའི་སྤྱི་ཚོགས་ནང་ལས་འགུལ་སྤེལ་ཕྱོགས་སྐོར།
༡། ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༥ ཉིན་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཆོས་འབྲེལ་ཉིན་གཉིས་པའི་སྔ་དྲོའི་ཆོས་ཐུན་གྲུབ་མཚམས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་རྒྱལ་སྤྱིའི་སྟེང་དབུ་མའི་ལམ་གྱི་གོ་རྟོགས་ལས་འགུལ་རྒྱ་སྐྱེད་གཏོང་རྒྱུའི་ལས་གཞི་དང་འབྲེལ་བའི་ཡིག་ཆ་ཁག་གསུམ་མགོན་པོ་གང་ཉིད་མཆོག་ལ་སྤྱན་བསྟར་ཞུས་རྗེས་ཕྱི་དྲིལ་ལས་ཁུངས་ནས་དབུ་མའི་ལམ་གྱི་སྐོར་ཆེད་མངགས་བཟོ་སྐྲུན་གནང་བའི་སྐར་མ་ ༧ ཅན་གྱི་བརྙན་འཕྲིན་གསར་འགོད་ལྷན་ཚོགས་སར་གཟིགས་འབུལ་ཞུས་པ་དང། དེ་རྗེས་སྲིད་སྐྱོང་མཆོག་གིས་དབུ་མའི་ལམ་གྱི་དྲ་རྒྱ་དབུ་འབྱེད་གནང་ཡོད། དབུ་མའི་ལམ་གྱི་དྲ་རྒྱའི་ནང་བོད་རྒྱ་ཨིན་གསུམ་གཙོ་བོར་གྱུར་བའི་ཇར་མན་སྐད་དང་། ཕ་རན་སི། དེ་བཞིན་སེ་པན་ཡི་གེ་བཅས་ཁྱོན་ཡིག་རིགས་ཁག་བདུན་ཐོག་ཡིག་ཆ་གྲ་སྒྲིག་གནང་ཡོད་པ་མ་ཟད། གསར་འགོད་ལྷན་ཚོགས་བསྐྱངས་སྐབས་ཨིན་ཇིའི་BBC གཙོས་རྒྱལ་སྤྱིའི་ནང་གྲགས་ཆེ་བའི་བརྒྱུད་ལམ་དང་རྒྱ་གར་ནང་གི་ཕྱི་ནང་གསར་འགོད་པ་ ༤༠ ལྷག་ཙམ་གྱིས་བཅར་དྲི་ཞུས་པའི་གནས་ཚུལ་དྲིལ་བསྒྲགས་རྒྱ་ཆེ་བྱུང་ཡོད།
༢། དབུ་མའི་ལམ་གྱི་ལངས་ཕྱོགས་གཞི་རྩར་བཟུང་སྟེ། ལས་འགུལ་རིགས་སྤེལ་སྐབས་དགོས་འདུན་ནམ། འབོད་སྒྲ། ཕྲེད་དར། དེ་མིན་ཡིག་ཆ་བཅས་ཀྱི་ནང་བརྗོད་ཚིག་གཅིག་གྱུར་ཡོང་ཐབས་ཀྱི་ལམ་སྟོན་ཟིན་བྲིས་ཤིག་བཟོ་འགོད་བཀའ་ཤག་ནས་ཕྱི་དྲིལ་ལས་ཁུངས་ལ་བཀོད་མངགས་ཟིན་པ་ལྟར་། ཟིན་བྲིས་ཚོགས་ཆུང་ནས་ད་ཆ་ལས་དོན་ལེགས་བསྒྲུབ་ཀྱིས་ཨིན་བོད་རགས་ཟིན་ཁག་གཉིས་བཀའ་ཤག་ལ་སྙན་ཞུ་ཕུལ་བ་བསྐྱར་ཞིབ་ཀྱིས་གཏན་འབེབས་ཟིན་མཚམས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ tibet.net དང༌། སྤྱི་ལྷན་གྱི་དྲ་རྒྱ་ chithu.org ཡང་ན་ parliament.org ནང་སོ་སོར་རིམ་པས་འགོད་འཇུག་བྱ་རྒྱུ་ཡིན།
༣། བོད་ཕྱི་ནང་གཉིས་སུ་རང་ལུས་མེར་བསྲེགས་གཏོང་མཁན་དཔའ་བོ་དཔའ་མོ་རྣམས་དང༌། གཞིས་ལུས་སྤུན་ཟླ་ཡོངས་ཀྱི་མངོན་འདོད་གཙོ་བོ་ནི། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་འདྲེན་ཞུ་རྒྱུར་སྔར་ལྷག་ཤུགས་སྣོན་རྒྱག་དགོས་ཞེས་གསལ་འཁོད་འདི་བཞིན་བཀའ་ཤག་གིས་དུས་རྒྱུན་དུ་སྙིང་བཅངས་ཀྱིས་འབད་བརྩོན་ཞུ་མུས་ཡིན།
༤། བོད་ནང་གི་བོད་མི་ཚོས་བོད་བསྟན་སྲིད་རང་དབང་གི་ཆེད་རང་ལུས་མེར་བསྲེག་གི་གནས་ཚུལ་དངོས་བདེན་ནམ་བྱུང་འབྲེལ་ཡོད་སྡེ་ཚན་ནས་ར་སྤྲོད་བྱུང་མཚམས་ཆོས་རིག་ལས་ཁུངས་ཀྱིས་འགན་འཁུར་རྐང་བཞེས་ཀྱིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་དུ་མཆོད་འབུལ་སྨོམ་ལམ་གོ་སྒྲིག་ཞུས་ཡོད་པ་དང་རྡོར་གདན་དུ་གསུང་ཆོས་སྐབས་དང་བསྟུན་གནས་ཆེན་ཁག་ཏུ་བསྔོ་སྨོན་མཆོད་འབུལ་གོ་སྒྲིག་ཞུ་འཆར་ཡིན།
༥། ཕྱི་ལོ་ ༢༠༡༤།༤།༤ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འགྲམ་དུ་རྟེན་གཞི་བྱས་པའི་ཕྱི་དྲིལ་འགྲེམ་སྟོན་ཁང་དུ་བོད་ཧིན་ཨིན་གསུམ་གྱི་སྐད་ཡིག་ཐོག་བོད་ནང་བོད་མི་ཚོས་རང་ལུས་མེར་བསྲེག་གཏོང་དགོས་དོན་དང་། རང་ལུས་མེར་བསྲེག་གཏོང་མཁན་རྣམས་སུ་ཡིན། ཁོང་ཚོའི་མངོན་འདོད་གང་ཡིན་པ། དེ་བཞིན་རྒྱ་ནག་གཞུང་གིས་རང་ལུས་མེར་བསྲེག་ལས་འགུལ་དེར་འཁྱོག་བཤད་ཀྱི་ལན་འདེབས་གང་སྤེལ་བཞིན་ཡོད་པ་སོགས་ཀྱི་སྐོར་དཔར་རིས་དང་ངོ་སྤྲོད་འགྲེམས་སྟོན་དབུ་འབྱེད་གནང་སྟེ་དྲིལ་བསྒྲགས་རྒྱ་གང་ཆེ་བྱུང་ཡོད།
༦། བཙན་བྱོལ་བོད་མིའི་དང་བླངས་དཔྱ་ཁྲལ་འབུལ་འབབ་ལའང་སྤར་ཆ་དགོས་སྐོར་སྤྱི་ཚོགས་དང་གྲོས་ཚོགས་ནང་བསམ་ཚུལ་མང་པོ་ཡོད་པ་མཁྱེན་ཆུབ་ལྟར་མ་འོངས་པར་དགོངས་བཞེས་དགོས་གལ་ཞེས་ཕེབས་ཡོད་ནའང་། ད་ལྟའི་ཆར་སྤར་ཆ་མི་དགོས་ཞེས་གྲོས་ཚོགས་སྔ་རྗེས་ནང་གསུངས་ཟིན། གཞི་རྩའི་དོ་བདག་སོ་སོ་ནས་འཕར་ཕུལ་ཞལ་འདེབས་ག་ཚོད་འབུལ་འདོད་ཡོད་ན་དཔྱ་དངུལ་ལག་དེབ་ནང་འབུལ་ཆོག་ཡོད།
༧། བོད་མིའི་སྒྲིག་འཛུགས་དང༌། གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་ནས་བཀའ་སྤྱི་གཉིས་ཀྱི་ལམ་སྟོན་ལྟར་འཚེ་བ་མེད་པ་དང༌། ཡུལ་ཁྲིམས་དང་མཐུན་པ། ཆེ་མཐོང་དང་ལྡན་པའི་ལས་འགུལ་གང་མང་སྤེལ་དགོས་སྐོར་འབོད་བསྐུལ་གསལ་བསྒྲགས་གཏོང་རྒྱུ་ཞེས་གསལ་བ་ལྟར། གསལ་བསྒྲགས་ཀྱི་ཟིན་བྲིས་ཚོགས་དྲུང་ལས་ཁུངས་ནས་བཀོད་དེ། ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢༣ ཉིན་བཀའ་སྤྱི་ལྷན་རྒྱས་ཐོག་ཐུགས་ཞིབ་ཀྱིས་གཏན་འབེབས་གནང་བ་ལྟར་ཁུངས་སོ་སོར་བཏང་ཟིན།
༨། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭ་སྲུང་སྐྱོབ་ཞུ་རྒྱུའི་ཐད། གཙོ་བོ་རྒྱ་གར་དབུས་ས་གཉིས་ནས་ཐུགས་འགན་རྐང་བཞེས་གནང་མུས་ཐོག་བདེ་སྲུང་ལས་ཁུངས་ནས་རང་དོན་རང་གཅེས་ཀྱིས་འཐུས་ཤོར་མི་འགྲོ་ཆེད་སྔར་བས་རྫི་གསང་དོད་པོས་བཞུགས་སྒར་ཙམ་མ་ཟད། ཆིབྶ་བསྒྱུར་གནང་ཡུལ་ཕྱི་རྒྱལ་ཡུལ་གྲུ་དང་ས་གནས་གང་དུ་འཁེལ་ཡང་འབྲེལ་ཡོད་ཁག་ལ་དམ་དོན་ཡོང་ཐབས་མཇུག་གནོན་དང་འབོད་སྐུལ་སྔར་ལྷག་ཞུ་བཞིན་ཡོད།
༩། རྒྱ་ནག་གཞུང་ནས་བོད་མི་རྣམས་འགུག་ཐབས་སུ་དེང་དུས་སྔར་ལྷག་མི་རྒྱུ་གཉིས་ཀྱི་འགྲོ་སོང་བཏང་སྟེ་བཙན་བྱོལ་བོད་མི་ནང་ཁུལ་དང༌། ས་གནས་ཡུལ་མིའི་བར་དཀྲུགས་ཤིང་དཀྲོགས་གཏམ་སྤེལ་རྒྱུའི་ཇུས་ངན་རབས་དང་རིམ་པ་སྤེལ་མུས་ལ་བརྟེན། ཛ་དྲག་ཆེ་བའི་སྐབས་འདིར་བོད་མི་རྣམས་ནང་ཁུལ་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་སྔར་ལྷག་དགོས་ཐད་འཛིན་སྐྱོང་ནས་ལམ་སྟོན་དགོས་པ་ཕེབས་གསལ་ལྟར་། བདེ་སྲུང་ལས་ཁུངས་ནས་ ༢༠༡༢།༤།༩ དང་ ༢༠༡༣།༣།༧ བཅས་ཁུངས་སོ་སོར་ལམ་སྟོན་གསལ་བསྒྲགས་གནང་ཟིན་ཡོད།
༡༠། བོད་མི་རིགས་ཀྱི་འཐབ་རྩོད་ལ་འཕྲལ་ཕུགས་གང་ཐད་ནས་མི་འབོར་ཉུང་བའི་དཀའ་ངལ་དངོས་ཡོད་ལ་བརྟེན། ཕྲུ་གུ་མང་པོ་སྐྱེད་གསོ་བྱེད་དགོས་པ་དང༌། ཕྲུ་གུ་གསུམ་ཡན་ཡོད་པ་རྣམས་ལ་གཞུང་ངོས་ནས་དམིགས་བསལ་བལྟ་སྐྱོང་སྲིད་བྱུས་བཀའ་ཤག་ནས་གཏན་འབེབས་ཀྱིས་དཔལ་ལྡན་སྲིད་སྐྱོང་མཆོག་ནས་ཕྱི་ལོ ༢༠༡༤།༧།༠༡ ཉིན་མཚན་རྟགས་བཀོད་དེ་འབྲེལ་ཡོད་ལས་ཁུངས་སོ་སོ་ནས་ལག་བསྟར་ཞུ་ཆོག་གི་འཆར་གཞི་འབུལ་དགོས་བཀོད་མངགས་ཟིན།
བརྗོད་གཞི་གཉིས་པ།
རྒྱལ་སྤྱིའི་ནང་ལས་འགུལ་སྤེལ་ཕྱོགས་སྐོར།
ཀ། དཔལ་ལྡན་སྲིད་སྐྱོང་མཆོག་གི་དབུས་བཀའ་བློན་རྣམ་པ་ཕྱི་རྒྱལ་ཁག་ཏུ་གཞུང་འབྲེལ་ཕྱོགས་ཕེབས་སྐབས་རྒྱལ་སྤྱིའི་ནང་གི་སྲིད་གཞུང་ཁག་དང་གྲོས་ཚོགས་ཁག གཞུང་འབྲེལ་མིན་པའི་སྒྲིག་འཛུགས་ཁག་བཅས་ནས་བོད་དོན་ལ་རྒྱབ་སྐྱོར་གནང་བར་བཀའ་དྲིན་བླ་མེད་དུ་ཆེ་ཞུ་བ་དང༌ཆབས་ཅིག སླད་ནས་ཡང་བོད་དོན་ལ་རྒྱབ་སྐྱོར་ཡོང་ཐབས་དང༌། ལྷག་དོན་རྒྱལ་སྤྱིའི་ནང་བོད་ནང་གི་ཛ་དྲག་གནས་སྟངས་དང༌། ཆོས་དད་རང་དབང༌། འགྲོ་བ་མིའི་ཐོབ་ཐང༌། ཁོར་ཡུག ཤེས་ཡོན་གྱི་གནས་སྟངས། འབྲོག་པ་རྣམས་བཙན་ཤེད་ཀྱིས་གནས་སྤོ་བྱེད་བཅུག་པ་སོགས་བོད་ནང་གི་གནས་སྟངས་ཁ་གསལ་དཔང་རྟགས་དང་བཅས་ངོ་སྤྲོད་དང་འབྲེལ། རྒྱ་ནག་གཞུང་གི་སྲིད་བྱུས་ངན་པ་དེ་དག་མཚམས་འཇོག་ཡོང་བར་རྒྱལ་སྤྱིའི་ཐོག་ནས་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་དང་འགྲེལ་བརྗོད་སྔར་ལྷག་ཞུས་དང་ཞུ་མུས་ཡིན། དེ་དང་ཆབས་ཅིག་ས་གནས་སོ་སོའི་བོད་མི་ཚོ་ལའང་ཐུགས་འཕྲད་ཀྱིས་འབོད་སྐུལ་དང་འགྲེལ་བརྗོད་ཞུ་མུས་ཡིན།
ཁ། ཕྱི་དྲིལ་ལས་ཁུངས་ཀྱི་སྒྲ་བརྙན་སྡེ་ཚན་ནས་བོད་ནང་ཛ་དྲག་གི་གནས་སྟངས་དང་འབྲེལ་བའི་རང་ལུས་མེར་བསྲེགས་སྐོར་བརྙན་འཕྲིན་དུས་ཡུན་སྐར་མ་ ༡༢ བྱས་པ་བཟོ་བསྐྲུན་གྱིས་རྒྱ་གང་ཆེ་འགྲེམས་སྤེལ་ཞུས་ཟིན།
ག། ཕྱི་རྒྱལ་ཁག་ཏུ་བོད་དོན་སྐོར་འགྲེལ་བརྗོད་གནང་ཕྱོགས་ཐད། དཔལ་ལྡན་སྲིད་སྐྱོང་མཆོག་གི་བོད་དོན་སྐོར་དྲི་བ་དོན་ཚན་ ༡༠ ལ་ཨིན་བོད་སྐད་ཡིག་གཉིས་ནང་ལན་འདེབས་གནང་བ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ནང་བཞག་ཡོད་པ་འདིས་རང་རིགས་བོད་དོན་ལ་དོ་སྣང་ཅན་སྤྱི་ཡོངས་ཙམ་མ་ཟད། ཕྱི་རྒྱལ་བོད་དོན་ལ་དོ་སྣང་རྒྱབ་སྐྱོར་བྱེད་མཁན་མང་པོ་ཞིག་ལ་དབུ་མའི་ལམ་གྱི་སྲིད་བྱུས་དང་། བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟངས། རང་ལུས་མེར་བསྲེག་སྐོར་དང་འགྲོ་བ་མིའི་ཐོབ་ཐང་། ཆོས་དད་རང་མོས། ཁོར་ཡུག་སྲུང་སྐྱོབ་སོགས་གང་ཅིའི་གནད་དོན་ལ་འགྲེལ་བརྗོད་བྱ་རྒྱུར་ཕན་ཐོགས་བྱུང་འདུག
ང་། རྒྱལ་སྤྱིའི་གཞས་པ་གཞས་མ་སྙན་གྲགས་ཅན་ལྷན་དུ་བོད་དོན་ཁྱབ་བསྒྲགས་ཇེ་ཆེར་གཏོང་རྒྱུ་སྔར་ལྷག་འབད་བརྩོན་ཞུ་རྒྱུ་དང༌། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་བའི་གཞས་ཚིག་གསར་རྩོམ་གྱི་འགྲན་བསྡུར་གནང་སྟེ་འོད་སྡེར་ཟུར་དུ་འདོན་རྒྱུའི་ཐབས་ཤེས་བྱ་རྒྱུ། དེའི་རྐང་འགན་བཀའ་ཤག་ནས་བཞེས་ཏེ་བོད་ཀྱི་ཟློས་གར་ཚོགས་པར་བཀོད་མངགས་གནང་རྒྱུ་ཞེས་ཕེབས་གསལ་བཞིན། འདི་ལོའི་སྔོན་རྩིས་ནང་འོད་སྡེར་འདོན་སྤེལ་ལས་གཞི་ནང་ཧིན་སྒོར་འབུམ་བརྒྱད་བཀའ་འཁྲོལ་ཞུ་བསྩལ་བྱུང་འདུག་པས་རིན་མིན་ཆོས་རིག་བརྒྱུད་བོད་ཀྱི་ཟློས་གར་ཚོགས་པར་གང་མྱུར་འོད་སྡེར་འདོན་སྤེལ་དགོས་པའི་བཀོད་མངགས་ཟིན།
ཅ། ཆོས་རིག་ལས་ཁུངས་ནས་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་ཆོས་ཚོགས་སྔ་རྗེས་སུ་རེ་འདུན་ཞུས་པ་དང་
ཆོས་ཚོགས་ཁག་དང་ཐད་ཀར་འབྲེལ་ལམ་ཡོང་རྒྱུའི་ཐབས་ཤེས་བྱེད་མུས་ཡིན། འབྲེལ་ཡོད་ཁག་ལ་རྒྱབ་གཉེར་ཡི་གེ་འབུལ་རྒྱུ་དང༌། ཆོས་ཚོགས་ཀྱི་ལས་སྣེ་རིགས་ལས་ཁུངས་སུ་ཕེབས་བཅར་སྐབས་འབོད་བསྐུལ་ཞུ་གང་ཐུབ་བྱེད་བཞིན་ཡོད། དཔེ་མཚོན་ཞུས་ན། ན་ནིང་ལོར་ཆོས་རིག་བཀའ་བློན་མཆོག་གསུམ་བཅུའི་དུས་དྲན་སྐབས་ཨོ་སི་ཀྲོ་ལི་ཡ་དང༌། ཕྱི་ཟླ་ ༧ པའི་ནང་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ཏུ་ཕེབས་དུས་དེར་ཡོད་བོད་བརྒྱུད་ནང་བསྟན་གྱི་ཆོས་ཚོགས་ཁག་ཏུ་འཚམས་གཟིགས་ཕེབས་ནས་གཞེན་བསྐུལ་ཞུས་པ་སོགས་གནང་ཡོད།
ཆ། འཛིན་སྐྱོང་ནས་འགན་འཁུར་བླངས་ཏེ་ཡུ་རོབ་ནང་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་བྱ་རྒྱུའི་གྲོས་ཆོད་ཡུ་རོབ་གྲོས་ཚོགས་ནང་གཏན་འབེབས་ཟིན་ཡོད་ནའང་ཡུ་རོབ་འཛིན་སྐྱོང་གི་ངོས་ནས་ཁོངས་གཏོགས་རྒྱལ་ཁབ་ཉི་ཤུ་རྩ་བདུན་ཚང་མས་རྒྱབ་སྐྱོར་དགོས་ཀྱི་ཡོད་པ་ད་བར་ལག་བསྟར་ཐུབ་ཀྱི་མེད་ནའང༌། འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་གསར་འཛུགས་ཀྱིས་འབྲེལ་མཐུད་པ་ཟུར་འཛུགས་ཐུབ་པ་ལྟར། ད་ལྟའི་ཆར་སྡེ་ཚན་དེ་བརྒྱུད་བོད་དོན་སྐོར་གླེང་སློང་བྱ་རྒྱུ་དང༌། ད་དུང་ཡུ་རོབ་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཞིག་བསྐོ་ཐབས་ཡོད་མིན་ཕྱི་དྲིལ་ནས་ཡུ་རོབ་སྐུ་ཚབ་དོན་གཅོད་ལ་བཀོད་མངགས་གནང་བ་བཞིན་འབྲེལ་ཡོད་དང་བཀའ་མོལ་ཞུས་འབྲས། འགྲོ་བ་མི་ཐོབ་ཐང་སྤྱི་ཡོངས་ལ་རྟོགས་ཞིབ་གནང་མི་ཞིག་བསྐོ་གཞག་གནང་བ་ཡིན་ན། ཁྱབ་ཚད་ཆེ་བ་དང་རྒྱ་ནག་ནས་ཀྱང་དེ་ཙམ་སྐྱོན་བརྗོད་ཞུ་ཐབས་བདེ་མིན་བཅས་དགེ་མཚན་ལ་གཟིགས་ཏེ་ཐག་གཅོད་གནང་བ་ཡིན་སྐོར་གསུངས་འདུག
ཇ། ཡུ་རོབ་མཐུན་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལས་དོན་ལྷན་ཁང་གི་ཚོགས་གཙོས་དབུས་སྐུ་ཚབ་ཁག་ཅིག་ཕྱི་ལོ་ ༢༠༡༤ ལོའི་གསུམ་བཅུའི་དུས་དྲན་སྐབས་བཞུགས་སྒར་དུ་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་ཚོགས་ཐོག་ཏུ་ཚོགས་གཙོ་མཆོག་ནས་བོད་དོན་དང་ལྷག་པར་དབུ་མའི་ལམ་གྱི་ལངས་ཕྱོགས་སྲིད་བྱུས་ལ་ཡོངས་བསྒྲགས་ཀྱིས་རྒྱབ་སྐྱོར་ཤུགས་ཆེ་གནང་ཡོད།
བརྗོད་གཞི་གསུམ་པ།
ཨེ་ཤི་ཡའེ་ནང་ལས་འགུལ་སྤེལ་ཕྱོགས་སྐོར།
༡། ནང་སྲིད་ལས་ཁུངས་ནས་འབད་བརྩོན་ཞུས་པ་བཞིན་བོད་དང་རྒྱ་གར་གཉིས་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་ཕྲུག་ཕན་ཚུན་བགྲོ་གླེང་དང་སྦྱང་བཤད། ཕྱོགས་གཉིས་ཀའི་མི་རིགས་ཀྱི་རིག་གཞུང་འགྲེམས་སྟོན་དང་སྒྱུ་རྩལ་འཁྲབ་སྟོན་སོགས་ཀྱི་ལས་འགུལ་སྤེལ་ཟིན་པ་ས་གནས་ཁག་ ༧ བྱུང་ཡོད།
༢། ཐེ་ཝན་གཙོ་བོར་གྱུར་པའི་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ཏུ་རྒྱ་ནག་སྐམ་ས་ཆེན་པོ་ནས་ཡུལ་སྐོར་སྤྲོ་འཆམ་པ་དང་སློབ་ཕྲུག་སོགས་འགྲོ་འོང༌ཤུཌ་ཆེ་ཡོད་པར་སོང༌། དེའི་ཁུལ་གྱི་ཚོགས་སྡེ་དང་ཤེས་ཡོན་བསྟི་གནས་ཁག་ལ་འབྲེལ་བ་གསར་འཛུགས་ཐུབ་ཐབས་འབད་བརྩོན་ཞུ་མུས་སུ་ཡོད།
༣། བཀའ་སྤྱི་གཉིས་ནས་རྒྱ་གར་གཙོས། ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཚང་མའི་ནང་བོད་ཀྱི་ཆོས་དང༌། སྐད་ཡིག་རིག་གཞུང༌། ཡུལ་ལུགས་གོམས་སྲོལ། ཁོར་ཡུག་གི་གནད་དོན་སོགས་ངོ་སྤྲོད་དང་བོད་དོན་རྒྱབ་སྐྱོར་དེ་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་འཚོ་བ་དང༌། ཐོན་ཁུངས། ཁོར་ཡུག་དང་གནམ་གཤིས་སོགས་ལ་འབྲེལ་བ་ཆེན་པོ་ཡོད་པའི་གནད་དོན་གསལ་བཤད་ཀྱིས་རྒྱལ་ཁབ་དེ་དག་གི་འགོ་ཁྲིད་ལ་བོད་མིར་བདེན་རྒྱབ་གནང་ཐབས་སུ་མུ་མཐུད་འབྲེལ་གཏུགས་དང་འབད་བརྩོན་ཞུ་མུས་ཡིན།
༤། ལྡི་ལི་སྐུ་ཚབ་དོན་གཅོད་མཆོག་ནས་ཨ་རབ་འཇོར་ཊན་ལྟ་བུ་དཀྱིལ་ཤར་ཨེ་ཤི་ཡའི་ཁུལ་དུ་དངོས་སུ་ཡུལ་དུས་གནས་སྟངས་ཀྱི་ཆ་ནས་ཕེབས་ཐུབ་ཀྱི་མེད་ཀྱང་། རྒྱ་གར་གི་རྒྱལ་ས་ལྡི་ལི་ཁུལ་དུ་ཡོད་པ་གོང་གསལ་རྒྱལ་ཁབ་ཁག་གི་གཞུང་ཚབ་ཁག་ལ་འབྲེལ་ལམ་ཞུས་ཏེ་བོད་ནང་གི་དངོས་ཡོད་གནས་སྟངས་སྐོར་འགྲེལ་བརྗོད་ཞུས་དང་ཞུ་མུས་ཡིན།
༥། ཆོས་རིག་བཀའ་བློན་མཆོག་ ༢༠༡༢།༦།༡༠ ནས་ཚེས་ ༡༥བར་ཀོ་རི་ཡར་ཚོགས་པའི་ (WFB ) ལོ་འཁོར་ལྷན་ཚོགས་ཐེངས་ ༢༦ ནང་ཚོཌ་ཞུགས་ཀྱིས་རྒྱལ་ཁབ་ ༦༠ དང་ཚོགས་མི་ ༡༠༠༠ ལྷག་འཛོམས་པའི་རྒྱལ་སྤྱིའི་ཚོགས་འདུར་བཞུགས་ནས་རྒྱ་ནག་གཞུང་གི་སྐུ་ཚབ་རྣམས་རང་མོས་ཕྱིར་ཐོན་དགོས་པའི་གནས་སྟངས་བྱུང་བ་དང་། གསར་འགོད་པར་ལན་འདེབས་གནང་བ་བརྒྱུད་བོད་ཀྱི་ཆོས་དང་རིག་གཞུང་ལ་དོ་སྣང་ཆེན་པོ་བྱུང་ཡོད། དེ་རྗེས་ལོ་དེའི་ཕྱི་ཟླ་ ༡༡ ནང་སླར་ཡང་ཀོ་རོ་ཡར་ཕེབས་ནས་ (World Pilgrimage Festival) ཞེས་པའི་ཆོས་རིག་མཐུན་སྒྲིལ་གྱི་མཛད་སྒོ་ཆེན་པོ་དེར་ཚོགས་ཞུགས་གནང་སྟེ། ཛཽ་གེ་སྡེ་པའི་ Joge Order བླ་ཆེན་དང་ཡུ་སུ་ས་གནས་རྫོང་དཔོན་བཅས་དང་མཇལ་མོལ་གནང་ཡོད། དེ་ལྟར་འབྲེལ་བ་བྱུང་བ་ལ་བརྟེན་ནས་དགའ་གདན་ཤར་རྩེའི་མཁན་རིན་པོ་ཆེ་བྱང་ཆུབ་ཆོས་ལྡན་མཆོག་བོད་ཀྱི་ཆོས་དང་རིག་གཞུང་ངོ་སྤྲོད་ཆེད་ཀོ་རི་ཡར་ཕེབས་ཐུབ་པ་བྱུང་ཡོད།
༦། ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་ཉེ་བའི་འཆར་ལྡི་ལི་དང་པཊ་ན་ཁག་སོ་སོར་རྒྱལ་སྤྱིའི་ཆོས་ཚོགས་འཚོགས་སྐབས་ཆེད་བཅར་ཞུས་ཏེ་ཤྲཱི་ལངྒ་དང་ཐའི་ལན་ཊི། ཀམ་པོ་ཊི་ཡའི་ནང་པའི་བློན་ཆེན་ཁག་གཅིག་དང་མཇལ་མོལ་ཞུས་ནས་ཁོང་རྣམས་བཙན་བྱོལ་སྤྱི་ཚོགས་ནང་གདན་ཞུས་ལྟར་ཕེབས་ཐུབ་མིན་སྐོར་བཀའ་བསྡུར་ཞུས་ཡོད་པ་བཅས་འདི་དག་ནི། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༩ པའི་འོག་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ་ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༢༥ ནས་ཚེས་ ༢༨ བར་ལྷན་ཚོགས་གནང་བའི་རྒྱབ་གཉེར་སྙན་ཐོ་ནང་གསལ་འབྲེལ་ཡོད་དོན་ཚན་ཁག་སོ་སོར་ལག་བསྟར་ཐུབ་མིན་དཔལ་ལྡན་སྲིད་སྐྱོང་མཆོག་ནས་ཕྱི་གསལ་ནང་གསལ་བཟོ་ཡི་ཡིན་ཞེས་ཕེབས་དགོངས་བཞིན་འཛིན་སྐྱོང་ནས་མཇུག་སྐྱོང་ལག་ལེན་ཞུས་པ་ཁག་རྒྱ་ཆེའི་མང་ཚོགས་ཀྱི་གསལ་རྟོགས་ཆེད་སྙན་སེང་ཞུས་པ་ཡིན།
དེ་མིན་སྙན་ཐོ་ནང་གསལ་དངོས་ཡོད་གནས་སྟངས་ཀྱི་ཐོག་ནས་ལག་ལེན་འཁེལ་མ་ཐུབ་པ་དཔེ་མཚོན་ཙམ་ཞུས་ན། རྒྱ་ནག་གཞུང་གིས་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་དང་གཏོང་བཞིན་པའི་ཛ་དྲག་གི་གནས་སྟངས་ལ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་མཁས་པ་རྣམས་ཀྱིས་ཞིབ་འཇུག་དང་འབྲེལ། དཔང་རྟགས་བསྡུ་རུབ་ཀྱིས་རྒྱ་ནག་གི་སྐབས་དུས་སོ་སོའི་འབྲེལ་ཡོད་དཔོན་རིགས་སུ་ཡིན་ཐེར་འདོན་གྱིས་ནག་ཉེས་བཙུགས་ཏེ་རྒྱལ་སྤྱིའི་ཁྲིམས་ཁང་ཁག་ཏུ་ཁྲིམས་གཏུག་གནང་རྒྱུ་ཞེས་གསལ་བ་ལྟར་། Spain ལ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་གཙོས་འབྲེལ་ཡོད་ཚོགས་སྡེ་ཁག་ཅིག་གིས་བོད་ནང་གི་གནས་སྟངས་སྐོར་ཁྲིམས་གཏུགས་བྱས་ཏེ་རྒྱ་ནག་སྲིད་འཛིན་ཟུར་པ་ཅང་ཙེ་མིན་གཙོས་གནད་ཡོད་མི་སྣ་ལྔ་འཛིན་བཟུང་བྱ་རྒྱུའི་བཀའ་རྒྱ་བཏང་བ་སོགས་བོད་དོན་ལ་བདེན་པའི་རྒྱབ་སྐྱོར་གྱི་དགེ་ཕན་བྱུང་ཡོད། རྗེས་སུ་རྒྱ་ནག་གི་གནོན་ཤུགས་འོག་སོ་སོའི་ཁེ་ཕན་ལ་བལྟས་ཏེ་ད་ལྟའི་ཆར་ Spain གྱི་གོང་གསལ་ཁྲིམས་ལ་བསྒྱུར་བ་བཏང་ནས་འཛིན་བཟུང་བྱ་རྒྱུའི་བཀའ་རྒྱ་ཉེ་དུས་ཕྱིར་བསྡུ་བྱས་འདུག་ནའང་། མུ་མཐུད་རྒྱལ་སྤྱིའི་ཁྲིམས་ནང་ཁྲིམས་གཏུགས་བྱ་རྒྱུའི་དངོས་ཡོད་གནས་སྟངས་ཡོད་མིན་འཛིན་སྐྱོང་ནས་གནང་ཕྱོགས་ཇི་དགེ་བབ་གཟིགས་གནང་རྒྱུ་གནང་སོང་བ་བཅས།
བཀའ་དྲུང་ཡིག་ཚང་ནས་ ༢༠༡༤ ལོའི་ཟླ་ ༦ ཚེས་ ༢༦ ལ།།