༢༠༡༤ ཟླ་ ༦ ཚེས་ ༢༠ རེས་གཟའ་པ་སངས།
༄༅། །དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། བོད་རྒྱལ་ལོ་ ༢༡༤༡ རབ་གནས་ཤིང་རྟ་ལོའི་ས་ག་ཟླ་བའི་ཚེས་ ༢༣ རེས་གཟའ་པ་སངས་ཕྱི་ལོ་ ༢༠༡༤ ཕྱི་ཟླ་ ༦ ཚེས་ ༢༠ ཉིན་གནས་ཆུང་སྒྲ་དབྱངས་གླིང་དུ་རྒྱལ་བའི་བསྟན་སྲུང་སྤྲུལ་པའི་ཆོས་སྐྱོང་རྡོ་རྗེ་གྲགས་ལྡན་རྩལ་ཆེན་མོར་གཞུང་འབྲེལ་དབྱར་གསོལ་གྱི་སྤྱན་འདྲེན་ཞུས་ཡོད། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧ ཐོག་གནས་ཆུང་སྒྲ་དབྱངས་གླིང་དགོན་གྱི་འདུ་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། བོད་མི་མང་སྤྱི་འཐུས་རྒྱུན་ལས། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་གིས་གཙོས་སྲི་ཞུའི་ལས་བྱེད་རྣམས་ནས་སྔར་སྲོལ་བཞིན་རང་ལུགས་ན་བཟའ་བཞེས་ཏེ་ལྷན་འཛོམས་ཐོག་རྒྱལ་བའི་བསྟན་སྲུང་སྤྲུལ་པའི་ཆོས་སྐྱོང་རྡོ་རྗེ་གྲགས་ལྡན་རྩལ་ཆེན་མོར་སྤྱན་འདྲེན་ཞུས་ཏེ་སྲིད་སྐྱོང་མཆོག་གིས་དབུས་མཛད་གཙོ་རྣམ་པས་མཇལ་ཕྱག་ཞུས་རྗེས་རིམ་བཞིན་སྲི་ཞུའི་ལས་བྱེད་རྣམ་པ་དང་། མང་ཚོགས་བཅས་ལ་མཇལ་ཁ་གནང་ཡོད།