༢༠༡༤ ཟླ་ ༦ ཚེས་ ༢༠ རེས་གཟའ་པ་སངས།
༄༅། །དབྱིན་ཇིའི་གསར་ཤོག་གྲགས་ཅན་ཊེ་ལི་གྷ་རབ་ The Telegraphཀྱི་གསར་འགོད་པ་སྐུ་ཞབས་པེ་ཊར་ཕོ་སི་ཊར་ Peter Fosterལགས་ཀྱིས་རྩོམ་ཡིག་ཅིག་སྤེལ་བའི་ནང་འཁོད་དོན་ལྟར་ན།
དེང་སྐབས་ཨ་རིའི་གཙུག་ལག་སློབ་དཔོན་མཐུན་ཚོགས་ The American Association of University Professors (AAUP) ཞེས་འཛམ་གླིང་ནང་ཆེས་མཐོང་ཆེན་པོ་ཞུ་བཞིན་ཡོད་པའི་མཐུན་ཚོགས་དེས་རྒྱ་ནག་གི་ཁུང་ཙི་བསྟི་གནས་ཁང་Confucius Institutes ཟེར་བར་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་ཤུགས་སྤེལ་བའི་ནང་འཁོད་དོན། དེ་ཡང་རྒྱ་ནག་དམར་པོའི་སྲིད་གཞུང་གིས་དེང་སྐབས་རྒྱལ་སྤྱིའི་སྟེང་རྒྱ་ནག་གི་འཇམ་པོའི་སྟོབས་ཤུགས་གོང་འཕེལ་གཏོང་རྒྱུ་དང་རྒྱ་ནག་དམར་ཤོག་ཚོགས་པ་རང་ཉིད་ཀྱི་རྣམ་པ་ཇེ་བཟང་དུ་གཏོང་ཆེད་འཛམ་གླིང་ཡུལ་གྲུ་འདྲ་མིན་གྱི་མཐོ་སློབ་དང་གཙུག་ལག་སློབ་གྲྭ་སོགས་ནང་ཁུང་ཙི་བསྟི་གནས་ཁང་ཟེར་བའི་ཚན་པ་གསར་འཛུགས་ཀྱིས་རྒྱ་ནག་གི་སྐད་ཡིག་དང་། རིག་གཞུང་། ལོ་རྒྱུས་སོགས་ཀྱི་སྐོར་སློབ་ཁྲིད་བྱེད་བཞིན་ཡོད། དེར་བརྟེན་ཁུང་ཙི་བསྟི་གནས་ཁང་དང་སློབ་གྲྭའམ་གཙུག་ལག་སློབ་གྲྭ་གང་ཞིག་ཤེས་ཡོན་བརྗེ་ལེན་སོགས་ཀྱི་འབྲེལ་བ་བྱ་རྒྱུའི་གན་རྒྱ་བཞག་ཚེ་རྒྱ་ནག་གཞུང་གིས་རོགས་དངུལ་ཧ་ཅང་ཕོན་ཆེ་སྤྲོད་བཞིན་ཡོད་པ་མ་ཟད། སློབ་གྲྭའམ་གཙུག་ལག་སློབ་གྲྭ་དེས་རྒྱ་ནག་དམར་པོའི་སྲིད་གཞུང་གི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱེད་དགོས་པ་དང་། སློབ་གྲྭའི་ཁོར་ཡུག་ནང་བོད་ཀྱི་གནད་དོན་སོགས་ཀྱི་གཙོས་རྒྱ་ནག་དམར་པོའི་སྲིད་གཞུང་དང་ལྟ་ཚུལ་མི་མཐུན་པའི་རིགས་གླེང་སློང་དང་རྒྱབ་སྐྱོར་སོགས་བྱེད་མི་ཆོག་པར་བརྟེན་གཞི་རྩའི་ཤེས་ཡོན་གྱི་རང་དབང་ལ་འགོག་རྐྱེན་བཟོ་བཞིན་ཡོད། ཁུང་ཙི་བལྟི་གནས་ཁང་དང་འབྲེལ་བ་ཡོད་པའི་ནུབ་ཕྱོགས་གཙུག་ལག་སློབ་གྲྭ་ ༡༠༠ མ་ཟིན་ཙམ་ཡོད་པ་རྣམས་ལ་ཁུང་ཙི་བལྟི་གནས་ཁང་དང་འབྲེལ་བ་མཚམས་འཇོག་བྱེད་པའམ་ཡང་ན་གན་རྒྱ་བཞག་པ་དེ་དག་འགྱུར་བ་བཏང་ནས་ནུབ་ཕྱོགས་པའི་སྨྲ་བརྗོད་རང་དབང་སོགས་རིན་ཐང་དེ་དག་ལ་བརྩི་བཀུར་ཞུ་རྒྱུའི་ཆ་རྐྱེན་བསྐྲུན་དགོས། ཁུང་ཙི་བལྟི་གནས་ཁང་ནི་རྒྱ་ནག་དམར་པོའི་སྲིད་གཞུང་གི་ལག་ཆར་བེད་སྤྱོད་བྱེད་བཞིན་ཡོད་པར་བརྟེན་ཤེས་ཡོན་གྱི་རང་དབང་སྲུང་སྐྱོབ་བྱ་རྒྱུའི་ཐད་ཁུང་ཙི་བལྟི་གནས་ཁང་གིས་དོ་སྣང་གང་ཡང་བྱས་མེད་པ་མ་ཟད། གཞི་རིམ་ཤེས་ཡོན་རང་དབང་གི་གནས་སྟངས་ལ་སྣང་ཆུང་དང་རྩིས་མེད་རྡོག་རོལ་གཏོང་བཞིན་ཡོད། དེང་སྐབས་ཁུང་ཙི་བལྟི་གནས་ཁང་གི་ཡན་ལག་ ༣༠༠ ཙམ་འཛམ་གླིང་ཡུལ་གྲུ་གང་སར་ཁྱབ་ཡོད། དེ་ཡང་དབྱིན་ཡུལ་ལྟ་བུར་མཚོན་ན་ཡུལ་དེའི་གཙུག་ལག་སློབ་གྲྭ་ ༡༡ ནང་ཁུང་ཙི་བལྟི་གནས་ཁང་གི་ཚན་པ་བཙུགས་ཡོད། ཅེས་སོགས་འཁོད་ཡོད།
དེ་ཡང་ཨ་རིའི་གཙུག་ལག་སློབ་དཔོན་མཐུན་ཚོགས་ནི་ཕྱི་ལོ་ ༡༩༡༥ ལོར་ཤེས་ཡོན་རང་དབང་སྲུང་སྐྱོབ་ཆེད་བཙུགས་པ་ཞིག་ཡིན་པ་དང་། ཚོགས་པའི་ནང་འཐུས་མི་གྲངས་ ༤༧ ༠༠༠ ཡོད་འདུག ཐེངས་འདིར་མཐུན་ཚོགས་ཀྱིས་ཁུང་ཙི་བསྟི་གནས་ཁང་དང་འབྲེལ་བ་མཚམས་འཇོག་དགོས་པའི་རེ་འདུན་བཏོན་པ་དེས་རྒྱ་ནག་གཞུང་གིས་འཇམ་པོའི་སྟོབས་ཤུགས་གོང་མཐོར་གཏོང་རྒྱུའི་ལས་གཞིར་གནོད་ཚབས་ཆེན་པོ་བཟོས་ཡོད།།