༢༠༡༤ ཟླ་ ༦ ཚེས་ ༢༥ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༢༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟངས་དཀར་ཁུལ་གྱི་ཆོས་འབྲེལ་ཉིན་གཉིས་པའི་སྐབས་དད་ལྡན་སེར་སྐྱ་མང་ཚོགས་ ༦༠༠༠ བརྒལ་བར་ལམ་སྟོན་བཀའ་སློབ་སྩལ་དོན། ངོས་ཀྱིས་དུས་རྒྱུན་དུ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མང་ཚོགས་ལ་ཆོས་འབྲེལ་བྱེད་སྐབས། ཆོས་ཀྱི་དོན་སྙིང་གང་ཡིན་འགྲེལ་བཤད་རྒྱག་རྒྱུ་ཧ་ཅང་གལ་ཆེན་པོ་རྩི་བཞིན་ཡོད།
སྤྱིར་བཏང་རྒྱུ་མཚན་གང་ཡང་མེད་པའི་ཐོག་ནས་དད་པ་བྱས་པ་དེ་ནི་ཕལ་ཆེར་རྨོངས་དད་ཆགས་ཀྱི་ཡོད། སངས་རྒྱས་པའི་ཆོས་རྨོངས་དད་མ་རེད་ཀྱང་ཆོས་བྱེད་མཁན་ཚོས་ཆོས་ཀྱི་གནས་སྟངས་མ་ཤེས་པའི་དབང་གིས་དད་པ་ཙམ་གྱི་རྗེས་འབྲང་བྱེད་སྐབས་རྨོངས་དད་ཆགས་ཀྱི་ཡོད། དེས་སངས་རྒྱས་ཀྱི་བསྟན་པ་ཡུན་རིང་གནས་རྒྱུར་ཕན་ཐོགས་ཡོང་རྒྱུ་ཧ་ཅང་ཁག་པོ་རེད།
སྤྱིར་བཏང་ཤེས་ཡོན་ཇི་ཙམ་གོང་མཐོར་ཕྱིན་པ་དེའི་ཚོད་ཀྱིས་རྨོངས་དད་ཇེ་ཉུང་འགྲོ་གི་རེད། རྒྱུ་མཚན་ལྡན་པའི་ཆོས་ཤིག་ཡིན་ན། ཇི་ཙམ་གྱིས་ཤེས་ཡོན་ཡོད་པ་དེའི་ཚོད་ཀྱིས་དེར་དོ་སྣང་གསར་པ་བསླེབ་ཀྱི་རེད། ངོས་ཀྱིས་ཆོས་འབྲེལ་བྱེད་སྐབས་མང་ཚོགས་ལ་འགྲེལ་བཤད་རྒྱག་རྒྱུ་གལ་ཆེན་དོན་ཆེར་རྩི་བཞིན་ཡོད། གང་ལ་ཞེ་ན།
ང་ཚོ་བོད་ཁ་བ་གངས་ཅན་པའི་ལྗོངས་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཆོས་པ་མང་ཆེ་བ་རྨོངས་དད་ཐོག་ནས་འགྲོ་གི་འདུག དེ་ནི་ངོས་ཀྱིས་ཤ་ཚ་དབང་གིས་དེ་ལྟར་བརྗོད་ཀྱི་ཡོད་པ་རེད་མ་གཏོགས་མ་གུས་པ་དེ་འདྲ་གང་ཡང་མིན།
དེར་བརྟེན་ཁྱེད་རང་ཚོས་དེ་རིང་༸རྒྱལ་བ་རིན་པོ་ཆེས་ཆོས་འབྲེལ་བྱེད་སྐབས་བྱིན་རླབས་ཐོབ་སོང་ལྟ་བུ་མིན་པར། ཆོས་འབྲེལ་ཞུས་ཏེ་ཆོས་ཀྱི་གོ་རྟོགས་ཕྲན་བུ་ཡག་ཏུ་འགྲོ་ཐབས་བྱེད་རྒྱུ་མ་ཟད། དེ་རིང་ཆོས་ཀྱི་འཛིན་གྲྭ་ཚོགས་ཀྱི་ཡོད་བསམས་པ་ལྟ་བུ་ཕྱིན་ཆད་ཀྱང་དྲན་པ་བྱེད་རོགས། དེ་བཞིན་ངོས་རང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བསྐྱོད་སྐབས་ནམ་ཡང་ནང་པ་སངས་རྒྱས་པའི་ཆོས་ཡག་ཤོས་རེད། ཅེས་འགྲེལ་བརྗོད་བྱེད་ཀྱི་མེད། ཆོས་ཞེས་པ་ནི་མི་སོ་སོའི་ཁམས་དང་མོས་པར་འཚམ་པའི་སྒོ་ནས་ཡག་ཉེས་བཞག་དགོས་པ་ཞིག་ཆགས་ཡོད།
འོན་ཀྱང་ང་ཚོ་ཧི་མ་ལ་ཡའི་ཡུལ་སྲོལ་གོམས་གཤིས་ལ་བརྟེན་པའི་སངས་རྒྱས་པའི་ཆོས་ཀྱི་ལྟ་གྲུབ་དེ་ཧ་ཅང་གཏིང་ཟབ་ཤོས་ལྟ་བུ་ཆགས་ཀྱི་ཡོད། དེང་སྐབས་ཚན་རིག་པའི་ནང་ནས་སངས་རྒྱས་པའི་རྟེན་འབྱུང་གི་ལྟ་གྲུབ་ལ་དོ་སྣང་བྱེད་ཀྱི་འདུག ཅེས་སོགས་ཀྱི་བཀའ་སློབ་དང་ཉིན་གཉིས་པའི་ཆོས་འབྲེལ་དངོས་གཞི་ལམ་རིམ་བསྡུས་དོན་འཕྲོ་སྐྱོང་དབུ་འཛུགས་མ་མཛད་གོང་མགོན་པོ་གང་ཉིད་མཆོག་གིས་ལྗགས་རྩོམ་མཛད་པའི་དཔལ་ན་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་འགྲེལ་བརྗོད་གྲུབ་མཚམས་ཆོས་འབྲེལ་དངོས་གཞི་འཕྲོ་སྐྱོང་མཛད་ཡོད།
དེ་བཞིན་ཕྱི་ཚེས་ ༢༤ དང་ ༢༥ ཉིན་གྲངས་གཉིས་རིང་དད་ལྡན་ཆོས་ཞུ་བ་རྣམ་པའི་ཉིན་གུང་ཞལ་ལག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་སྒེར་གྱིས་གསོལ་རས་སྩལ་ཡོད་འདུག