༢༠༡༤ ཟླ་ ༦ ཚེས་ ༢༣ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༢༡།༢༢ ཏེ་རེས་གཟའ་སྤེན་པ་དང་ཉི་མ་བཅས་གཟའ་མཇུག་གི་གུང་གསེང་ཉིན་མོ་དང་སྟབས་བསྟུན་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་ཕ་མ་གཉིས་ལས་གཅིག་བོད་རིགས་ཡིན་པའི་མི་རིགས་འདྲེས་མའི་ལྷན་ཚོགས་ཐེངས་དང་པོ་ཚོགས་ཡོད། སྐབས་དེར་བྱང་ཡུ་རོབ་དང་། བྷལ་ཊིཀ་ཡུལ་གྲུ། དེ་བཞིན་པོ་ལེན་ཌི་བཅས་ཀྱི་སྐུ་ཚབ་དོན་གཅོད་ཐུབ་བསྟན་བསམ་སྒྲུབ་ལགས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་འཚམས་འདྲིའི་གསུང་འཕྲིན་སྩལ་བ་རྣམས་སྒྲོགས་སྦྱང་ཞུས་ཡོད།
དེ་ཡང་༸གོང་ས་མཆོག་གི་གསུང་འཕྲིན་སྩལ་བའི་ནང་འཁོད་དོན། དེ་རིང་དེ་གར་ཁྱེད་རང་ཚོ་འཛོམས་ཀྱི་ཡོད་འདུག་པས་ཧ་ཅང་དགའ་པོ་བྱུང་། ངོས་རང་དེ་གར་དངོས་སུ་སླེབས་ཐུབ་མེད་ཀྱང་། ངོས་ཀྱིས་ཁྱེད་རང་ཚོ་ཚང་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཡོད། སྤྱིར་བཏང་གནས་ཚུལ་དེའི་རིགས་ཕྱི་ལོ་ ༡༩༥༩ གོང་བལ་འབྲུག་སོགས་དང་ལྷན་བོད་རིགས་ཆང་ས་བརྒྱབ་པ་དེ་འདྲ་བྱུང་མྱོང་ཡོད། དེ་བཞིན་ང་ཚོ་བཙན་བྱོལ་དུ་བསླེབས་རྗེས་གནས་ཚུལ་དེ་རིགས་ཡོང་གི་ཡོད་པ་མ་ཟད། མ་འོངས་པར་མང་དུ་འགྲོ་སྲིད་པ་རེད། འོན་ཀྱང་གཙོ་ཆེ་ཤོས་ཁྱེད་རང་ཚོས་སོ་སོའི་རིག་གཞུང་དང་གོམས་གཤིས་ལ་དོ་སྣང་གིས་གང་ཐུབ་བྱས་ཐོག་གཅེས་འཛིན་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། གང་ལ་ཞེ་ན། བོད་པའི་རིག་གཞུང་ནི་བྱམས་སྙིང་ལྡན་པའི་རིག་གཞུང་ཞིག་ཡིན་སྟབས། འཛམ་གླིང་འདིའི་ནང་ནས་རིན་ཐང་ཆེན་པོ་ཞིག་རྩི་བཞིན་འདུག དེ་ལྟ་བུའི་རིག་གཞུང་གིས་བོད་པའི་ལས་འགུལ་ཙམ་མ་ཟད། རང་ཉིད་སྒེར་ལ་ཡང་ཕན་ཐོགས་ཆེན་པོ་ཡོང་གི་རེད། དེར་བརྟེན་ཁྱེད་རང་ཚོས་སྔར་ལྷག་དོ་སྣང་བྱེད་དགོས། ཚང་མར་འཚམས་འདྲི་ཡོད། ཅེས་སོགས་འཁོད་འདུག
ཕྱོགས་མཚུངས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གནང་བའི་འཚམས་འཕྲིན་ནང་འཁོད་དོན། དེ་རིང་ཁྱེད་རང་ཚོ་ན་གཞོན་ཁག་གཅིག་དེ་གར་འཛོམས་ཀྱི་ཡོད་འདུག་པས། ང་རང་ཧ་ཅང་དགའ་པོ་བྱུང་། ཁྱེད་རང་ཚོའི་ཚོགས་འདུ་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ་བཞིན་ཡོད། ཁྱེད་ཚོའི་ནང་ང་ཚོ་བོད་པའི་འཐབ་རྩོད་ཐོག་ལས་ཀ་དང་ཉམས་མྱོང་གསོག་འདོད་ཡོད་ན། ཁྱེད་རང་ཚོ་སུ་ཞིག་ཡིན་རུང་རྒྱ་གར་ནང་ཡོང་ཐུབ་ན་ང་ཚོས་དགའ་བསུ་ཞུ་རྒྱུ་ཡིན། ཚོགས་འདུ་གཉིས་པ་དེ་བཞིན་རྒྱ་གར་ནང་གོ་སྒྲིག་བྱེད་ཐུབ་པའི་རེ་བ་བྱེད་བཞིན་ཡོད། ཅེས་སོགས་འཁོད་འདུག
དེ་ཡང་ལྷན་ཚོགས་སྐབས་དེར་དབྱིན་ཡུལ་དང་ཇར་མན། སུད་སི། ཕ་རན་སི། བྱང་ཨ་རི་བཅས་ནས་ཚོགས་བཅར་བ་ལོ་གྲངས་ ༡༨ ནས་ ༤༠ བར་སོན་པ་ཁྱོན་མི་གྲངས་ ༢༠ ཡོད་འདུག ལྷན་ཚོགས་གོ་སྒྲིག་གནང་མཁན་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་རྟེན་གཞི་བྱས་པའི་བོད་ཀྱི་ཐེབས་རྩ་ཁང་ Tibet House Trust ཡིན་པ་དང་། ལྷན་ཚོགས་དེས་ཕྱེད་བོད་རིགས་ཡིན་པའི་མི་རབས་གསར་པ་རྣམས་ལ་ཕན་ཚུན་བསམ་ཚུལ་ཉམས་མྱོང་བརྗེ་ལེན་བྱ་རྒྱུའི་གོ་སྐབས་བསྐྲུན་ཐུབ་ཡོད་པ་མ་ཟད། རང་གི་མི་རིགས་ཀྱི་ངོ་བོ་དང་རིག་གཞུང་སོགས་ཀྱི་ངོ་བོ་དང་གལ་གནད་རྣམས་གསལ་རྟོགས་ཐུབ་རྒྱུ་ཙམ་མ་ཟད། རང་གི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སོར་ཆུད་ཡོང་རྒྱུར་ཧ་ཅང་ཕན་ཐོགས་བྱུང་འདུག གཞན་ཡང་སྐབས་དེར་སྐུ་ཚབ་དོན་གཅོད་ཐུབ་བསྟན་བསམ་སྒྲུབ་ལགས་ཀྱིས་ལྷན་ཚོགས་ཐོག་གསུང་དོན།
ལྷན་ཚོགས་འདི་ལྟ་བུ་ཐེངས་དང་པོ་ཚོགས་ཐུབ་པར་ང་རང་ཧ་ཅང་དགའ་སྤོབས་ཡོང་བཞིན་འདུག གལ་ཏེ་ང་ཚོས་ཕྱེད་བོད་རིགས་ཡིན་པའི་མི་རབས་གསར་པ་རྣམས་འདུ་བསྐོང་བྱས་ནས་བོད་པའི་སྤྱི་ཚོགས་འཁྲིད་མ་ཐུབ་ཚེ། མི་རབས་རྗེས་མ་རྣམས་བོད་པའི་སྤྱི་ཚོགས་དང་འབྲེལ་བ་རྩ་མེད་འགྲོ་རྒྱུའི་ཉེན་ཁ་ཡོད། དེར་བརྟེན་ལྷན་ཚོགས་འདིས་ང་ཚོར་རེ་བ་གསར་པ་ཞིག་སྦྱིན་བཞིན་འདུག ཅེས་གསུངས། ཕྱོགས་མཚུངས་སྐབས་དེར་ཀུན་བཟང་སྐལ་ལྡན་ལགས་ཀྱིས་ལྷན་ཚོགས་སྐོར་གསུང་དོན། ངའི་ཨ་མ་ལགས་སོག་པོ་ཁལ་མུཀ་དང་པ་ལགས་བོད་པ་ཡིན། ང་རང་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ཏུ་སྐྱེས་ནས་འཚར་ལོངས་བྱེད་ས་ནིའུ་ཇར་སིའི་ནང་ཡིན། ངས་བོད་སྐད་ཤེས་ཀྱི་མེད་ཀྱང་བོད་སྐད་སྦྱང་རྒྱུར་འབད་བརྩོན་བྱེད་བཞིན་ཡོད། ངའི་བསམ་པར་སྤྱིར་སྤྱི་ཚོགས་ནང་མི་རིགས་འདྲེས་མ་ཚོར་མཐོང་ཕྱོགས་ཕྲན་བུ་ཡོད་ཀྱང་། དེང་སྐབས་བོད་རིགས་འདྲེས་མའི་གྲངས་འབོར་ཇི་ཙམ་ཆེ་རུ་འགྲོ་བཞིན་པ་དེས་བཙན་བྱོལ་བོད་མིའི་དངོས་ཡོད་གནས་སྟངས་ར་སྤྲོད་བྱེད་བཞིན་ཡོད། དེར་བརྟེན་ལྷན་ཚོགས་འདི་ལྟ་བུ་བརྒྱུད་ང་ཚོ་ཚང་མར་ཐུན་མོང་དུ་ཡོད་པའི་བོད་མིའི་ངོ་བོ་ངོ་འཛིན་དང་དོ་སྣང་གནང་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད།
ཕྲན་རང་ཉིད་ལ་མཚོན་ན་མི་རིགས་འདྲེས་མའི་ལྷན་ཚོགས་འདི་ལྟ་བུ་ཐེངས་དང་པོ་གོ་སྒྲིག་ཐུབ་པ་འདིར་བཅར་རྒྱུ་བྱུང་བ་ཧ་ཅང་དགའ་པོ་བྱུང་བ་མ་ཟད། ལྷན་ཚོགས་འདི་བརྒྱུད་ནས་ཕྱེད་བོད་རིགས་ཡིན་པའི་མི་རིགས་འདྲེས་མ་གཞན་ཚོ་དང་ཐུག་ནས་འབྲེལ་བ་བྱ་རྒྱུའི་གོ་སྐབས་ཀྱང་ཐོབ་བྱུང་། ཚོགས་བཅར་བ་རྣམས་ཀྱིས་རང་གི་ངོ་བོ་ངོས་འཛིན། ཞེས་པའི་བརྗོད་གཞིའི་ཐོག་ཟབ་སྦྱོང་ཚོགས་ཐུན་གཉིས་ནང་མཉམ་ཞུགས་གནང་ཡོད། སྐབས་དེར་དབྱིན་ཇི་དང་བོད་རིགས་འདྲེས་མ་ཡིན་པ་པདྨ་ཕོ་སི་ལགས་ཀྱིས་གཙོ་སྐྱོང་གནང་བ་མ་ཟད། ལ་དྭགས་དང་བོད་རིགས་འདྲེས་མ་ཡིན་པ་བོད་མི་མང་སྤྱི་འཐུས་དབང་པོ་བཀྲས་མཐོང་ལགས་དང་། ཁེ་ན་ཌ་དང་བོད་རིགས་འདྲེས་མ་ཡིན་པ་བཀྲས་མཐོང་ལྷག་སྒྲོན་ལགས་བཅས་ཀྱིས་གསུང་བཤད་གནང་ཡོད། ཕྱོགས་མཚུངས་སྐབས་དེར་དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་བོད་རིགས་སྒྱུ་རྩལ་བ་ཨོ་རྒྱན་ཆོས་འཕེལ་ལགས་ཀྱིས་བོད་ཀྱི་ཐུན་མིན་ལག་ཤེས་དང་སྒྱུ་རྩལ་སོགས་ཀྱི་སྐོར་ལ་ངོ་སྤྲོད་གསུང་བཤད་གནང་ཡོད། རེས་གཟའ་ཉི་མའི་ཉིན་ཚོགས་བཅར་བ་རྣམས་ལོན་ཌོན་ཧོར་ནི་མན་འགྲེམས་སྟོན་ཁང་ Horniman Museumདུ་བོད་ཀྱི་རིག་གཞུང་དང་འབྲེལ་བའི་དངོས་རྫས་ཁག་གཅིག་འགྲེམས་སྟོན་གནང་བ་དེར་ཁྲིད་ནས་ངོ་སྤྲོད་གནང་ཡོད།