༢༠༡༤ ཟླ་ ༦ ཚེས་ ༡༦ རེས་གཟའ་ཟླ་བ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨི་ཊ་ལིར་རྟེན་གཞི་བྱས་པའི་བོད་རིགས་མཐུན་ཚོགས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་ཐོབ་སྟེ་ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༡༤ ཉིན་གྱི་དགོང་དྲོ་མགོན་པོ་གང་ཉིད་མཆོག་གིས་ (Modigliani Forum) ཞེས་པའི་ཚོགས་ཁང་ཆུང་བའི་ནང་བོད་རིགས་ ༣༠༠ བརྒལ་བར་བླང་དོར་གྱི་བཀའ་སློབ་སྩལ་དོན།
དེ་རིང་ངོས་རང་འདི་གར་ཡོང་བ་དང་སྟབས་བསྟུན་ཁྱེད་རང་ཚོ་དང་ཁྱུག་ཙམ་ཐུག་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང། སྤྱིར་བཏང་ང་ཚོ་བཙན་བྱོལ་བའི་རྟེན་གཞི་ལྟ༌བུ་རྒྱ་གར་ནང་ཆགས་ཡོད། ད་ལྟ་ཡིན་རུང་རྒྱ་གར་ནང་བོད་མི་མང་ཤོས་གནས་ཡོད། གལ་ཆེ་ཤོས་ང་ཚོའི་ཆོས་དང་རིག་གཞུང་གི་བསྟི་གནས་ལ་ལྷ་ཁང་ཡོད་པ་ཙམ་གྱིས་ཕན་ཐོགས་མེད་པར་བརྟེན། ལོ་ངོ་སུམ་ཅུ་བཞི་བཅུ་སློབ་སྦྱོང་བྱས་པའི་ཐོག་ནས་བོད་ཀྱི་ཆོས་དང་རིག་གཞུང་འཛིན་སྐྱོང་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ང་ཚོའི་བོད་ཀྱི་ཆོས་དང་རིག་གཞུང་ནི་དཔལ་ནཱ་ལེནྡྲའི་ལུང་སྡེ་སྣོད་གསུམ་དང་ལམ་བསླབ་པ་གསུམ་གྱི་ཉམས་ལེན་བྱེད་དགོས་པ་རེད་མ་གཏོགས། གྲྭ་ཆས་གྱོན་པ་དང་ཆོ་ག་བཏོན་པ་ཙམ་གྱིས་ཕན་ཐོགས་གང་ཡང་མེད། ང་ཚོའི་གཙོ་ཆེ་བའི་བཤད་གྲྭ་སློབ་གཉེར་ཁང་རིས་སུ་མ་ཆད་པ་རྣམས་རྒྱ་གར་ནང་གནས་ཡོད། དེ་དག་ཕྱི་རྒྱལ་དུ་ཡོང་རྒྱུ་ཧ་ཅང་དཀའ་ལས་ཁག་པོ་རེད།
དེར་བརྟེན་རྒྱ་གར་ནང་གི་ང་ཚོའི་གཞིས་ཆགས་ཁག་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་འདུག བོད་ཀྱི་ཆོས་དང་རིག་གཞུང་མི་རིགས་དང་བཅས་པ་རྣམས་གལ་སྲིད་ང་ཚོ་མི་རབས་གཅིག་གཉིས་ཤིག་སྒུག་ནས་སྡོད་དགོས་བྱུང་ཡང། ད་ལྟ་ཡོད་མུས་ཀྱི་གཞིས་ཆགས་ཁག་རྣམས་ཡག་པོ་བྱུང་ན་ཏན་ཏན་མུ་མཐུད་གནས་ཐུབ་ཀྱི་རེད། ཐོག་མར་ནེ་རུ་སྐུ་འཚོ་བཞུགས་སྐབས་རྒྱ་གར་གཞུང་ལ་ང་ཚོར་གཞིས་ཆགས་དང་སློབ་གྲྭ་ཟུར་གསལ་ཞིག་དགོས་ཀྱི་འདུག་ཅེས་བསམ་བློ་འདི་ལྟར་བཏང་ནས་འབོད་སྐུལ་ཞུས་ཡོད། ད་ཆ་ལོ་ ༥༥ བརྒལ་བ་འགྲོ་བཞིན་ཡོད། དུས་ཡུན་དེའི་རིང་ང་ཚོ་བཙན་བྱོལ་བ་རྣམས་ཧྲ་ཏག་ཏག་ཐོག་གནས་ཡོད། དེང་སྐབས་རྒྱ་གར་དུ་རྟེན་གཞི་བྱས་པའི་བོད་མིའི་གཞིས་ཆགས་ཁག་ནང་རྒན་རྒོན་མ་གཏོགས་གཞོན་སྐྱེས་མང་ཆེ་བ་ཕྱི་རྒྱལ་ལ་འགྲོ་གི་འདུག སྤྱིར་བཏང་གཞིས་ཆགས་གཅིག་ནང་ཚང་མ་སྡུག་མཉམ་མྱོང་བྱས་ནས་སྡོད་རྒྱུ་དེ་བདེ་པོ་གང་ཡང་མེད་པར་བརྟེན། སློབ་སྦྱོང་ཕྲན་བུ་ཡོད་མཁན་ཚོ་ལུང་པ་འདྲ་མིན་ནང་བསླེབས་ཏེ། དཔལ་འབྱོར་འདུ་འགོད་ཀྱིས་མཚོན་སོ་སོའི་མི་རིགས་ཀྱི་ལྟ་བ་དང་སྤྱོད་པ་མ་བརླག་པའི་ཐོག་ནས་ཡུལ་ལུང་འདྲ་མིན་ནང་རང་ཉིད་འཚོ་ཐབས་ཀྱི་ལས་ཀ་གང་ཐུབ་ཀྱིས་ཕུགས་བརྟན་བྱེད་ཐུབ་ན་ཡག་པོ་འདུག ཁ་སྔོན་ངོས་རང་ཨ་རིར་ཡོད་སྐབས་བོད་པ་ཁག་གཅིག་དང་ཐུག་རྒྱུ་བྱུང། ངོས་ཀྱིས་ཁོང་ཚོར་ (millionaire) ས་ཡ་བདག་པོ་བྱེད་ཐུབ་ཀྱི་མི་འདུག་གམ། ས་ཡ་བདག་པོ་ཆེན་པོ་དེ་འདྲ་ལམ་སེང་ཡོང་རྒྱུ་ཁག་པོ་རེད་ཀྱང་ཆུང་ཆུང་ཞིག་ཡོང་དགོས་རྒྱུ་ལྟ་བུ་རེད། དེར་བརྟེན་ཁྱེད་རང་ཚོས་འབད་བརྩོན་བྱས་ཏེ་ས་ཡ་བདག་པོ་ཆུང་ཆུང་ཞིག་ཡོང་ཐབས་བྱེད་ཐུབ་ན་ཡག་པོ་ཡོད། ཅེས་བརྗོད་པ་ཡིན།
ཁྱེད་རང་ཚོ་འདི་གར་ཡོད་མཁན་ཚོས་བོད་པའི་སྤྱི་དོན་གྱི་བསམ་བློ་མ་བརླག་པ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེར་བརྟེན་བོད་མི་རྒན་གཞོན་ཚང་མས་རིག་པ་སྒྲིམ་ཏེ་བོད་མི་རིགས་ཀྱི་རིན་ཐང་མཚོན་པའི་ཡ་རབས་སྤྱོད་བཟང་གོང་འཕེལ་བཏང་བ་དང་ཆབས་ཅིག་རྒྱ་གར་ནང་གནས་པའི་གཞིས་ཆགས་ཁག་ལ་རང་ཉིད་ཀྱི་འཁོས་དཔག་ལ་གཞིགས་པའི་རོགས་རམ་བྱེད་རྒྱུ་གལ་འགངས་ཆེན་པོ་ཆགས་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ། །