༢༠༡༤ ཟླ་ ༦ ཚེས་ ༡༠ རེས་གཟའ་མིག་དམར།
༄༅། །ང་ཚོ་ཨི་ཊ་ལིར་རྟེན་གཞི་བྱས་པའི་གཤམ་འཁོད་ནང་པའི་ཆོས་ཚོགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་དང་ཡིད་ཆེས་བློས་འགེལ་ཡོད་པ་དང་དོལ་རྒྱལ་བསྟེན་གསོལ་བྱ་རྒྱུ་དེ་ཉེན་ཚབས་ཆེན་པོ་ཞིག་ཡིན་པར་མཐའ་གཅིག་ཏུ་མོས་མཐུན་ཞུ་རྒྱུ་ཡིན།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆོས་ཕྱོགས་ཀྱི་དབུ་ཁྲིད་གཅིག་ཡིན་པའི་ཐོག་ནས་ཕྱི་ལོ་ ༡༩༧༨ ལོ་ནས་བཟུང་མང་ཚོགས་ལ་དོལ་རྒྱལ་བསྟེན་གསོལ་དར་ཁྱབ་འགྲོ་བཞིན་པ་དེས་ཆོས་ལུགས་འཐེན་འཁྱེར་ཤུགས་ཆེ་ཡོང་རྒྱུ་མ་ཟད། སངས་རྒྱས་ཀྱི་བསྟན་པ་ཉམས་སྨད་དུ་ཕྱིན་ནས་ལྷ་གསོལ་ཀླུ་གསོལ་ལྟ་བུ་ཞིག་ཏུ་འགྱུར་རྒྱུའི་ཉེན་ཁ་ཡོད་སྐོར་བཀའ་སློབ་སྔ་ཕྱི་སྩལ་ཡོད། དེ་སྔ་དོལ་རྒྱལ་སྲུང་མའི་ཚུལ་དང་ཚེ་འདིའི་གྲོགས་འཕྲིན་ལས་བསྒྲུབ་ཆེད་གཙོ་བོར་བསྟེན་གསོལ་བྱེད་བཞིན་ཡོད། འོན་ཀྱང་དོལ་རྒྱལ་གྱི་ངོ་བོ་དང་བྱེད་ལས་ཐོག་ལ་དུས་རྟག་ཏུ་བསམ་ཚུལ་མི་མཐུན་པའི་འགལ་ཟླ་ཆེན་པོ་ཡོད།
སྤྱིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ནང་གྱི་རྒྱུ་མཚན་དུ་མར་གཟིགས་ཏེ། མགོན་པོ་གང་ཉིད་མཆོག་དགུང་གྲངས་བཞི་བཅུ་མ་སོན་བར་འཇིག་རྟེན་དྲེགས་པའི་ཚུལ་དུ་དོལ་རྒྱལ་བསྟེན་གསོལ་མཛད་ཡོད་ཀྱང་། མགོན་པོ་གང་ཉིད་མཆོག་གིས་བརྟག་དཔྱད་རིམ་པར་མཛད་མཐར་ཕྱི་ལོ་ ༡༩༧༥ ལོར་༸རྒྱལ་བ་རིན་པོ་ཆེ་སྐུ་ཉིད་ཀྱིས་དོལ་རྒྱལ་བསྟེན་གསོལ་མཚམས་འཇོག་མཛད་པ་མ་ཟད། རྒྱ་ཆེའི་མང་ཚོགས་རྣམས་ལ་དོལ་རྒྱལ་གྱི་བྱུང་རིམ་ལོ་རྒྱུས་དང་དེ་བསྟེན་པས་སྤྱི་ཚོགས་ནང་གནས་ཚུལ་གང་འདྲ་བྱུང་མིན་སྐོར་གསལ་བཤད་མཛད་འགོ་བཙུགས་གནང་མཛད་ཡོད།
མདོར་ན། དོལ་རྒྱལ་བསྟེན་ན་གནོད་སྐྱོན་ཇི་ཡོད་གཤམ་གསལ་ལྟར་ཕྱོགས་བསྡོམས་བརྒྱབ་ཆོག
༡༽ དོལ་རྒྱལ་རྗེས་འབྲང་པ་ཚོས་ངོས་འཛིན་ཇི་ལྟར་བྱེད་མིན་ལ་མ་ལྟོས་པར་དོལ་རྒྱལ་ལམ་ཤུགས་ལྡན་འཇིག་རྟེན་ལས་འདས་པའི་སྲུང་མ་ཞིག་མིན་པ་མ་ཟད། རྒྱུའི་ཁྱད་པར་སྨོན་ལམ་ལོག་པའི་དབང་གིས་བྱུང་བ་ཞིག་དང་།
༢༽ངོ་བོའི་ཁྱད་པར་དམ་སྲི་འབྱུང་པོ་ཡིན་པ།
༣༽བྱེད་ལས་ཀྱི་ཁྱད་པར། བསྟན་པ་དང་འགྲོ་བ་ལ་འཚེ་བ་བྱེད་མཁན།
དོལ་རྒྱལ་བསྟེན་གསོལ་བྱས་ན་ཉེན་ཁ་ཇི་ཡོད་དོན་གནད་གསུམ་ནང་བསྡུས་ཆོག
༡༽ལྷ་གསོལ་ཀླུ་གསོལ་ལྟ་བུ་ཞིག་ཏུ་འགྱུར་ནས་བོད་བརྒྱུད་ནང་བསྟན་ཉམས་སྨད་དུ་འགྲོ་རྒྱུ་ཡིན། གང་ཡིན་བརྗོད་ན་དོལ་རྒྱལ་རྗེས་འབྲང་པ་ཚོས་དོལ་རྒྱལ་སངས་རྒྱས་བཅོམ་ལྡན་འདས་ལས་ལྷག་པ་ཞིག་ངོས་འཛིན་བྱེད་བཞིན་ཡོད།
༢༽ཆོས་ལུགས་རིས་མེད་ཡང་དག་པ་ཞིག་ཡོང་བར་དོལ་རྒྱལ་བསྟེན་གསོལ་བྱས་པ་དེས་བགེགས་བྱེད་བཞིན་ཡོད་པ་མ་ཟད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་གནང་མཛད་རྒྱུའི་སྐུའི་མཛད་འགན་དང་ཡོངས་སུ་འགལ་བཞིན་ཡོད།
༣༽༸གོང་ས་ལྔ་པ་ཆེན་པོའི་སྐུ་དུས་ནས་བཟུང། ༼དུས་རབས་བཅུ་བདུན།༽ གླེང་གཞི་དང་རྩོད་རྙོག་ཅན་ཞིག་ཡིན་པར་བརྟེན་མ་འགྲིག་པའི་གནས་ཚུལ་བྱུང་ཡོད།
རྒྱུ་མཚན་དེ་དག་ལ་བརྟེན་ནས་གཤམ་འཁོད་ཆོས་ཚོགས་ནང་སློབ་གཉེར་བྱེད་བཞིན་པ་རྣམས་ཀྱིས་ཉམས་ཞིབ་མཐིལ་ཕྱིན་པ་བྱས་ནས་མང་ཚོགས་རྣམས་ལ་དུས་རྟག་ཏུ་དོལ་རྒྱལ་སྐོར་དངོས་ཡོད་གནས་ཚུལ་ཇི་ཡིན་གསལ་བཤད་ཞུས་དང་ཞུ་བཞིན་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རང་ཉིད་ཆོས་ཕྱོགས་ཀྱི་དབུ་ཁྲིད་གཅིག་ཡིན་པའི་ཆ་ནས་རྗེས་འཇུག་གདུལ་བྱ་རྣམས་ལ་ཐུགས་བརྩེ་བ་ཆེན་པོས་བླང་དོར་གྱི་ལམ་བཟང་འདོན་གནང་མཛད་དགོས་པ་དེ་སྐུའི་མཛད་འགན་ཆེན་པོ་ཞིག་ལ་ངོས་འཛིན་མཛད་བཞིན་ཡོད་པར་བརྟེན། དོལ་རྒྱལ་བསྟེན་གསོལ་བྱ་རྒྱུ་དེར་དམ་བསྒྲགས་མཛད་ཡོད། ༸གོང་ས་མཆོག་གིས་དོལ་རྒྱལ་བསྟེན་གསོལ་བྱས་ན་སྐྱོན་གནད་ཡོད་པ་ཧ་ཅང་གསལ་པོར་གཟིགས་ནས་ལམ་སྟོན་མཛད་པ་ཞིག་ཡིན་པ་ལས་སྐུ་སྒེར་གྱི་ཁེ་ཕན་ཆེད་དུ་དེ་ལྟར་ནམ་ཡང་མཛད་མེད། དེར་བརྟེན་དོལ་རྒྱལ་རྗེས་འབྲང་པ་ཚོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གཞི་མེད་སྒྲོ་འདོགས་དང་སྐུར་འདེབས་ཀྱི་མཚན་སྨད་ཞུས་པ་དེར་གཤམ་འཁོད་ཆོས་ཚོགས་ཀྱི་ཚོགས་མི་རྣམས་ནས་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་མ་ཟད། དོལ་རྒྱལ་རྗེས་འབྲང་པའི་ཚོགས་པ་དང་འབྲེལ་བ་གཏན་ནས་མེད་པ་གསལ་བཤད་ཞུ་རྒྱུ་ཡིན།
དོལ་རྒྱལ་རྗེས་འབྲང་པ་ཚོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཞུ་བཞིན་པ་དེར་གཞི་རྩ་གང་ཡང་མེད་པ་ནི།
༡༽༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དོལ་རྒྱལ་བསྟེན་གསོལ་བྱ་རྒྱུར་བཀག་སྡོམ་མཛད་བཞིན་ཡོད་པའི་སྐྱོན་འཛུགས་བྱེད་བཞིན་པ་དེ་བདེན་པ་རྩ་བ་ནས་མ་རེད། གང་ཡིན་བརྗོད་ན་དོལ་རྒྱལ་བསྟེན་གསོལ་བྱས་དང་མ་བྱེད་ཟེར་བ་དེ་གང་ཟག་སྒེར་སོ་སོས་བརྟག་དཔྱད་བྱས་ནས་ཐག་གཅོད་བྱེད་དགོས་པ་ལས་༸རྒྱལ་བ་རིན་པོ་ཆེས་བཀའ་ཕེབས་ཀྱི་འདུག ཅེས་༸རྒྱལ་བ་རིན་པོ་ཆེའི་མཚན་ཁ་ལ་འཁྱེར་ནས་ཕྱིན་ན་འགྲིག་གི་མ་རེད། ཅེས་བཀའ་སློབ་ཡང་ཡང་སྩལ་ཡོད། ༸གོང་ས་མཆོག་གིས། དོལ་རྒྱལ་རྗེས་འབྲང་པ་ཚོས་ངོས་ཀྱི་སར་ནས་གསུང་ཆོས་དང་དབང་། དེ་བཞིན་སྡོམ་པ་ཞུ་རྒྱུས་མཚོན་ཆོས་འབྲེལ་བྱས་ན་འགྲིག་གི་མ་རེད། ཅེས་བཀའ་སྩལ་བ་དེ་ནི་གཙོ་བོ་བླ་སློབ་དབར་དམ་ཚིགས་ཉམས་ན་གཉིས་ཀར་ཉེན་ཁ་ཡོང་རྒྱུ་ཡིན་པར་བརྟེན་བཀའ་སློབ་དེ་ལྟར་ཕེབས་ཡོད། བཀའ་སློབ་དེ་ལྟར་འཕེབས་པ་དེ་ཡང་༸གོང་ས་མཆོག་ཆོས་ཕྱོགས་ཀྱི་དབུ་ཁྲིད་གཅིག་ཡིན་པར་བརྟེན་མགོན་པོ་གང་ཉིད་མཆོག་གིས་བཀའ་ཆོས་ཞུ་བར་སུ་ཡོང་ཆོག་མིན་ཐག་གཅོད་མཛད་རྒྱུའི་སྐུ་དབང་ཆ་ཚང་སྐུ་ཉིད་མཆོག་ལ།
༢༽༸གོང་ས་མཆོག་ལ་ཆོས་དད་རང་དབང་དམ་བསྒྲགས་མཛད་བཞིན་པའི་ཉེས་འཛུགས་བྱེད་བཞིན་ཡོད། དེ་ནི་བདེན་པ་མིན། དོལ་རྒྱལ་བསྟེན་གསོལ་བྱེད་མཁན་གྱི་དགོན་པ་གྲྭ་ཚང་ཚོར་དོལ་རྒྱལ་བསྟེན་གསོལ་ཆོག་གི་མ་རེད། ཅེས་སུ་གཅིག་ལ་དམ་བསྒྲགས་མཛད་མེད། འོན་ཀྱང་དོལ་རྒྱལ་བསྟན་གསོལ་བྱེད་མཁན་ཁག་གཅིག་དེ་སྔ་སོ་སོས་སྒྲིག་ཞུགས་ཀྱི་དགོན་པར་མ་བསྡད་པར་ཟུར་དུ་དོན་པ་དེ་རིགས་བྱུང་ཡོད། དེ་ནི་གཙོ་བོ་དམ་ཆོས་འདུལ་བའི་གཞུང་དང་མཐུན་པའི་ཐོག་ནས་ཚུལ་ཤིང་འགྲིམས་ནས་མང་མོས་ཐག་གཅོད་མཛད་པ་ཞིག་ཡིན། སྐབས་དེར་དོལ་རྒྱལ་བསྟེན་གསོལ་བྱེད་མཁན་དགེ་འདུན་པ་རྣམས་ལ་རང་གི་ཐོབ་སྐལ་ས་ཁང་དང་དངུལ་དངོས་སོགས་གང་ཡོད་ཆ་ཚང་སྤྲད་ཡོད་པ་མ་ཟད། རང་དབང་ཆ་ཚང་ཡོད་པའི་ཐོག་ནས་དོལ་རྒྱལ་མུ་མཐུད་བསྟེན་གསོལ་བྱེད་ཆོག་པ་ཆགས་ཡོད་པ་ལས་སུ་གཅིག་གིས་འགོག་རྐྱེན་བཟོས་མེད། གལ་ཏེ་ཆོས་དད་རང་དབང་མེད་ཚེ་དོལ་རྒྱལ་རྗེས་འབྲང་པ་ཚོས་འཛམ་གླིང་ས་ཕྱོགས་གང་སར་ཕྱིན་ནས་དོལ་རྒྱལ་སྐོར་ཁྱབ་བསྒྲགས་བྱས་པ་ཙམ་མ་ཟད། གནད་དོན་དེའི་སྐོར་རྒྱུས་མངའ་གང་ཡང་མེད་པ་རྣམས་ལ་མགོ་སྐོར་བླུ་བྲིད་ཀྱང་རྒྱབ་སྐྱོར་ཐོབ་ཐབས་བྱེད་བཞིན་པ་དེ་དག་ཇི་ལྟར་བྱེད་ཐུབ།
༣༽ དོལ་རྒྱལ་རྗེས་འབྲང་པ་ཚོས་ཏཱ་ལའི་བླ་མས་ཞལ་རྫུན་གསུང་གི་འདུག ཅེས་སྐྱོན་བརྗོད་བྱེད་བཞིན་པ་དེར་གཞི་རྩ་གང་ཡང་མེད། དོལ་རྒྱལ་རྗེས་འབྲང་པ་ཚོ་དང་བསམ་ཚུལ་མི་མཐུན་པ་བཟུང་གནང་མཛད་རྒྱུ་དེ་ཞལ་རྫུན་གསུང་པ་ཞིག་ནམ་ཡང་མིན་ཁར་དེ་ནི་སྐུ་སྒེར་གྱི་དགོངས་ཚུལ་འདོན་གནང་མཛད་རྒྱུའི་ཐོབ་ཐང་ལོངས་སུ་སྤྱད་གནང་མཛད་པ་ཞིག་ཡིན།
༤༽དོལ་རྒྱལ་རྗེས་འབྲང་པ་ཚོས་དོལ་རྒྱལ་ཐོག་གཟིགས་ཕྱོགས་མཛད་མཁན་དེ་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཁོ་ན་ཡིན་པའི་སྐྱོན་བརྗོད་བྱེད་བཞིན་ཡོད། དེ་ནི་རྩ་བ་ཉིད་ནས་བདེན་པ་མིན། གོང་བརྗོད་ལྟར་དོལ་རྒྱལ་གྱི་རྙོག་གྲ་ཐོག་མ་དུས་རབས་ ༡༧ སྐབས་ནས་བྱུང་ཡོད། དོལ་རྒྱལ་རྗེས་འབྲང་པ་ཚོས་རིམ་བཞིན་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་བཞིན་པ་ནི་དེ་སྔ་ཕྱི་ལོ་ ༡༩༩༧ ལོར་རྡ་ས་མཚན་ཉིད་སློབ་དཔོན་དང་དགེ་ཕྲུག་གཉིས་དོལ་རྒྱལ་རྗེས་འབྲང་པ་ཚོས་བཀྲོངས་ཡོད། ལག་དམར་བ་དེ་གཉིས་རྒྱལ་སྤྱིའི་ཉེན་རྟོག་ལས་ཁུངས་ཀྱིས་ཉེས་ཅན་པའི་གྲས་སུ་བརྩིས་ནས་འཛིན་བཟུང་བཀའ་རྒྱ་བཏང་ཡོད།
རྒྱ་ནག་གཞུང་གི་ཆབ་སྲིད་དང་དཔལ་འབྱོར་གྱི་གནོན་ཤུགས་འོག་ནུབ་ཕྱོགས་རྒྱལ་ཁབ་སྲིད་གཞུང་འགའ་ཤས་ཀྱིས་༸གོང་ས་མཆོག་དང་མཇལ་འཕྲད་མི་ཞུ་རྒྱུའི་ཐག་གཅོད་དེར་དོལ་རྒྱལ་རྗེས་འབྲང་པ་ཚོས་རྒྱབ་སྐྱོར་ཐེངས་མང་བྱས་ཡོད། དཔེར་ན། ཉེ་ལམ་ནོར་ཝེའི་ནང་བྱུང་བ་ལྟ་བུ་ཡིན། དེར་བརྟེན་དོལ་རྒྱལ་གནད་དོན་དེར་ཆོས་ལུགས་ཙམ་མིན་པར་དེ་ལས་གཞན་པའི་གནད་དོན་ཞིག་ཡོད་པ་ར་སྤྲོད་གསལ་པོ་བྱུང་ཡོད།
དོལ་རྒྱལ་སྐོར་རྒྱུས་མངའ་མེད་མཁན་ཚོས་དགེ་བའི་བཤེས་གཉེན་བསྟེན་སྐབས་ཟབ་ནན་ཐོག་རྟག་དཔྱད་དང་ཉམས་ཞིབ་གནང་རོགས་ཞེས་འབོད་སྐུ་ཞུ་རྒྱུ་དང་སྦྲགས། ང་ཚོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཁོང་གིས་རྒྱལ་སྤྱིའི་སྟེང་ལོ་ངོ་ལྔ་བཅུ་ལྷག་རིང་ཐུགས་བརྩོན་མཛད་པའི་མཛད་རྗེས་ལ་རྒྱབ་སྐྱོར་ཤུགས་ཆེ་ཞུ་རྒྱུ་ཡིན།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་འཛམ་གླིང་ཞི་བདེ་དང་འཆམ་མཐུན་སྤྱི་ཚོགས་གོང་མཐོར་གཏོང་གནང་མཛད་མཁན་གྱི་རླབས་ཆེན་དབུ་ཁྲིད་གཅིག་ལ་ངོས་འཛིན་ཞུ་བཞིན་ཡོད། ཞི་བདེའི་དེད་དཔོན་ཆེན་པོར་ངོས་འཛིན་ཞུ་བཞིན་ཡོད། ཅེས་འཁོད་འདུག
གོང་འཁོད་ཨི་ཊ་ལིར་རྟེན་གཞི་བྱས་པའི་ནང་པའི་ཆོས་ཚོགས་ ༢༤ མཚན་གཤམ་གསལ།
1) ISTITUTO LAMA TZONG KHAPA, Pomaia (PI)
2) GHE PEL LING ISTITUTO STUDI DI BUDDHISMO TIBETANO, Milano
3) CENTRO MILAREPA Torino
4) COMUNITA’ DZOG-CHEN, Arcidosso (GR)
5) FPMT FONDAZIONE PER LA PRESERVAZIONE DELLA TRADIZIONE MAHAYANA, Pomaia (PI)
6) CENTRO STUDI KALACHAKRA, Bordighera (IM)
7) CENTRO DHARMA VISUDDHA, Verona
8)CENTRO CENRESIG, Bologna
9)CENTRO BUDDHISTA MUNI GYANA, Palermo
10) CENTRO TARA CITTAMANI, Padova
11) ISTITUTO SAMANTABHADRA, Roma
12) MANDALA CENTRO STUDI TIBETANI, Milano
13) CENTRO STUDI TIBETANI SANGYE CIELING Sondrio
14) MONASTERO MANDALA SAMTEN LING Biella
15) CENTRO STUDI TIBETANI MANDALA DEUA LING, Merano (BZ)
16) CENTRO TERRA DI UNIFICAZIONE EWAM, Firenze
17) CENTRO VAJRAPANI, Bosentino (TN)
18) CENTRO DHARNA KARUNA, Modena
19) CENTRO LAMA TZONG KHAPA, Zero Branco (TV)
20) CENTRO STUDI TIBETANI TENZIN CIO LING, Sondrio
21) CENTRO GAJANG GIANG CHUB, Paladina (BG)
22) CENTRO BUDDHISTA CENRESIG, Domodossola (VB)
23) CENTRO SAKYAMUNI, Messina
24) CENTRO DI MEDITAZIONE KUSHI LING, Arco (TN)