༢༠༡༤ ཟླ་ ༦ ཚེས་ ༥ རེས་གཟའ་ཕུར་བུ།
༄༅། །ཡུ་རོབ་རྒྱལ་ཁབ་སི་པན་གྱི་རང་སྐྱོང་མངའ་ཁུལ་(Catalonia) ཁེ་ཊ་ལོ་ནི་ཡའི་ངོས་ནས་འདས་པའི་ལོ་ཉི་ཤུ་རྩ་གྲངས་ནས་ལོ་ལྟར་རྒྱལ་སྤྱིའི་ནང་གི་ཕུལ་བྱུང་སྤྱི་ཚོགས་ཞབས་ཞུ་བ་དང་སྒྱུ་རྩལ་བ། ཤེས་ཡོན་ཅན་སོགས་ཀྱི་ཁོངས་ནས་གཟེངས་སུ་ཐོན་པའི་རླབས་ཆེན་བྱས་རྗེས་ཅན་གྱི་མི་སྣ་ཁག་ལ་རྒྱལ་སྤྱིའི་བྱ་དགའ་ཞིག་འབུལ་སྲོལ་ཡོད་པ་ལྟར། ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༣ ཉིན་སེ་པན་གྱི་རྒྱལ་སའི་ནང་རྟེན་གཞི་བྱས་པའི་ཁེ་ཊ་ལོ་ནི་ཡའི་སྲིད་འཛིན་ཚོགས་ཁང་ནང་བྱ་དགའ་འབུལ་རྒྱུའི་མཛད་སྒོ་གོ་སྒྲིག་ཞུས་པའི་ཐོག་ཁུལ་དེའི་སྲིད་འཛིན་མཆོག་དང་སྲིད་འཛིན་ཟུར་པ་མཆོག་གིས་གཙོས་མངའ་སྡེའི་ཁྲིམས་དཔོན་དང་བཀའ་བློན་རྣམ་པ། དེ་བཞིན་བོད་མི་དམངས་ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་སོགས་ཁྱོན་མི་གྲངས་བརྒྱ་སྐོར་ལྷན་འཛོམས་ཐོག་ལྷོ་ཡི་ཤུ་ (Archbishop Desmond Tutu) ཆོས་དཔོན་ཌེ་སི་མོན་ཊུ་ཊུ་མཆོག་ལ་ཕྱི་ལོ་ ༢༠༡༤ ལོའི་ (International prize of Catalonia) ཞེས་པའི་བྱ་དགའ་ཕུལ་འདུག
སྐབས་དེར་ཆོས་དཔོན་མཆོག་གིས་མཛད་བཅར་བ་ཡོངས་ལ་འཚམས་འདྲི་དང་འབྲེལ་གསུང་གསལ། ང་རང་སྒེར་ངོས་ནས་སྤྱིར་འཛམ་གླིང་ཡོངས་ཀྱི་བདེ་སྐྱིད་དང་། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་ལ་སེམས་ཁུར་ཞུ་བཞིན་ཡོད། ལྷག་པར་བོད་དོན་ལ་དེ་སྔ་ནས་རྒྱབ་སྐྱོར་ཞུ་བཞིན་ཡོད་ལ་མ་འོངས་པར་ཡང་མུ་མཐུད་ནས་རྒྱབ་སྐྱོར་ཞུ་རྒྱུ་ཡིན། སྤྱིར་བཏང་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་ང་རང་ཆོས་གྲོགས་ཤིག་ཡིན། དེ་བཞིན་འཛམ་གླིང་མི་དམངས་ནས་བོད་དོན་ལ་སྔར་ལྷག་རྒྱབ་སྐྱོར་བྱེད་དགོས་པ་མ་ཟད། བོད་ཀྱི་གནད་དོན་སེལ་ཐབས་ལ་དོ་ཁུར་ཤུགས་ཆེ་ཙམ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་འདུག ཅེས་སོགས་ཀྱི་གསུང་བཤད་གནང་།