༢༠༡༤ ཟླ་ ༦ ཚེས་ ༡༨ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༡༡ ཉིན་བལ་ཡུལ་ནོར་ལྦིག་རྒྱལ་སྤྱིའི་སྨན་ཁང་དུ་རྣམ་རྒྱལ་འབྲིང་རིམ་སློབ་གྲྭའི་སློབ་སྤྱི་ཟུར་པ་དགེ་བློ་བཟང་བདེ་ལེགས་ལགས་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག ཁོང་ནི་ཕྱི་ལོ་ ༡༩༣༦ ཟླ་ ༣ ཚེས་ ༢༨ ཉིན་ཡབ་རྡོ་རྗེ་དབང་རྒྱལ་ལགས་དང། ཡུམ་མཚམས་གཅོད་སྒྲོལ་མ་གཉིས་ཀྱི་རིགས་མྱུག་ཏུ་སྐུ་འཁྲུངས། དགུང་ལོ་བཅུ་གཉིས་ལ་གདན་ས་ཆེན་པོ་སེར་སྨད་གྲྭ་ཚང་དུ་ཆོས་ཞུགས་གནང་སྟེ་གཞུང་ཆེན་ཁག་ལ་སློབ་གཉེར་དང་། ལྷ་ས་ཉ་རོང་ཤར་སློབ་གྲྭར་འཛུལ་ཞུགས་ཀྱིས་ལོ་ངོ་བཅུ་གཅིག་རིང་བོད་ཡིག་སུམ་རྟགས་སོགས་ལ་སློབ་སྦྱོང་གནང་།
བཙན་བྱོལ་དུ་ཕེབས་རྗེས་ཤེས་རིག་ལས་ཁུངས་ཀྱི་བཀའ་དགོངས་བཞིན་ཕྱི་ལོ་ ༡༩༦༤ ནས་ཕྱི་ལོ་༡༩༨༡ བར་བལ་ཡུལ་རྡོར་ཐང་ནོར་འཛིན་གླིང་གཞིས་ཆགས་དང། ཀ་ཐ་མན་གྲུ་འཇོ་ཁེལ་བསམ་གྲུབ་གླིང་གཞིས་ཆགས་སློབ་གྲྭ འཕགས་ཤིང་བཙན་བྱོལ་བོད་མིའི་སློབ་གྲྭ་བཅས་ཀྱི་འགན་འཛིན་དང་བོད་དགེ་གཅིག་ལྕོགས་གནང་། ཕྱི་ལོ་ ༡༩༨༢ ནས་ ༢༠༠༧ བར་འཕགས་ཤིང་རྣམ་རྒྱལ་འབྲིང་རིམ་སློབ་གྲྭའི་སློབ་སྤྱིའི་འགན་འཁུར་གནང་། གོང་གསལ་ཁྱོན་བསྡོམས་མི་ལོ་བཞི་བཅུ་ཞེ་གསུམ་རིང་ཤེས་ཡོན་སློབ་གསོའི་ལས་དོན་ཐོག་ཞབས་འདེགས་ཞུས་གནང་བའི་ལེགས་སྐྱེས་སུ་ཕྱི་ལོ་ ༡༩༩༡ ཟླ ༧ ཚེས་ ༦ ལོར་ཤེས་རིག་ལས་ཁུངས་ནས་གཟེངས་བསྟོད་ཕྱག་ཁྱེར་དང་། ཐུ་མི་སམ་བྷོ་ཊའི་སྐུ་ཐང་།
ཕྱི་ལོ་ ༡༩༩༧ ཟླ་ ༢ ཚེས་ ༢༨ ཉིན་བལ་ཡུལ་གངས་ཅན་བདེ་རྩའི་ཉེར་ལྔའི་དུས་ཆེན་སྐབས་མི་ལོ་བཅུ་ཕྲག་གསུམ་ལྷག་ཞབས་ཞུ་གནང་བའི་བསྔགས་བརྗོད་ཕྱག་འཁྱེར་དང་ལེགས་སྐྱེས། གཞན་ཡང་ཕྱི་ལོ་ ༢༠༠༠།༢༠༠༡ ལོར་སགཱ་མཱཐཱ་ ཧྥཽན་ཊེ་ཤན། (Sagamatha Foundation ) ཞེས་པའི་ཚོགས་པ་ནས་ནེ་པཱལ་ཆེ་བསྟོད་ ༢༠༥༧ ཞེས་པ་ཞིག་བལ་ཡུལ་རྒྱལ་ཡོངས་ནང་སྡེ་ཚན་འདྲ་མིན་གྱི་མི་སྣ་གྲགས་ཅན་ཉེར་ལྔ་ལ་བསྔགས་བརྗོད་ཕྱག་འཁྱེར་གནང་བའི་ཁོངས་སུ་ཤེས་ཡོན་ཐོག་མིག་དཔེ་འོས་པའི་ཕྱག་ལས་གནང་བའི་གཟེངས་བསྟོད་ཕུལ།
དེ་བཞིན་ ༢༠༠༤།༢༠༠༥ ལོར་བལ་ཡུལ་རྒྱལ་ཡོངས་ཤེས་ཡོན་གྱི་ཉིན་མོར་བལ་གཞུང་ཤེས་རིག་ལས་ཁུངས་ནས་གཞུང་འབྲེལ་བསྔགས་བརྗོད་ཕྱག་འཁྱེར་སོགས་གནང་ཡོད། འཕགས་ཤིང་རྣམ་རྒྱལ་འབྲིང་སློབ་ཀྱི་ས་ཁང་འཛིན་ཆས་དང་སློབ་ཁང་སོགས་དམ་པ་ཁོང་གིས་ཉིན་མཚན་དུས་དྲུག་ཏུ་སྐུ་ངལ་འཛེམས་མེད་ཐོག་ནས་མཁོ་སྒྲུབ་འབད་བརྩོན་ཞུས་ཡོད་པ་དང་། ཕྱི་ལོ་ ༢༠༠༧ ཕྱི་ཟླ་ ༤ ཚེས་ ༡༥ ཉིན་འཕགས་ཤིང་རྣམ་རྒྱལ་འབྲིང་སློབ་ཀྱིས་ས་ཁང་སོགས་ཁར་དབང་ཡོངས་རྫོགས་ད་ལྟའི་སློབ་སྤྱི་གསར་པ་དགེ་བློ་བཟང་ཐབས་མཁས་ལགས་སུ་རྩིས་སྤྲོད་རྩིས་ལེན་འཐུས་ཚང་གནང་ཡོད་པ་བཅས། མདོར་ན་ཁོང་གིས་སྐུ་ཚེ་གང་པོར་བཙན་བྱོལ་བོད་མིའི་ཤེས་ཡོན་ལས་དོན་ཐོག་ཕྱག་ལས་ཧུར་བསྐྱེད་གནང་ཡོད།