༢༠༡༤ ཟླ་ ༦ ཚེས་་༩ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༤ ཕྱི་ཟླ་ ༥ ཚེས་ ༢༧ ཉིན་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དིལླཱི་ (Delhi) ནས་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོ་ (Moscow) བརྒྱུད་བྷུར་ཡ་ཏི་ཡའི་ (Buryatia) རྒྱལ་ས་ཨུ་ལན་ཨུ་ཌེར་ (Ulan-Ude) ཕེབས་འབྱོར་གནང་ཞིང་། ཕྱི་ཚེས་ ༢༨ ཉིན་ས་ཡི་བི་རི་ཡ་ཡན་ལག་གི་ཨུ་རུ་སུ་ཚན་རིག་སློབ་གསོ་ཁང་གི་སོག་པོ་དང་། ནང་པ་སངས་རྒྱས་པ། བོད་ཀྱི་རིག་པའི་མཐོ་སློབ་ (Institute for Mongolian, Buddhist and Tibetan Studies of the Siberian Branch of the Russian Academy of Sciences) ཀྱི་གོ་སྒྲིག་འོག་འགྱུར་བ་འགྲོ་བཞིན་པའི་འཛམ་གླིང་ནང་ནང་ཆོས། ཞེས་པའི་རྒྱལ་སྤྱིའི་ཚོགས་ཆེན་ཐོག་མཉམ་ཞུགས་གནང་བ་མ་ཟད། ཚན་རིག་དང་ནང་ཆོས། ཞེས་པའི་གླེང་སྟེགས་སྒོར་མོའི་བགྲོ་གླེང་ལྷན་ཚོགས་དང་། དེང་རབས་ཀྱི་འཛམ་གླིང་ཆེད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་འཕྲིན་ལས། ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད། ཕྱོགས་མཚུངས་སྐབས་དེར་བོད་བརྒྱུད་ནང་བསྟན་གྱི་སློབ་དཔོན་ཆེན་པོ་སྐུ་ཞབས་རོ་བྷར་ཊི་ཐར་མན་ལགས་ཀྱིས་བརྩམས་པའི། ཅིའི་ཕྱིར་ཏཱ་ལའི་བླ་མ་གནད་འགག་ཆགས་སམ། ཞེས་པའི་དཔེ་དེབ་འདོན་སྤེལ་སྐབས་བོད་བརྒྱུད་ནང་བསྟན་གྱི་ལྟ་གྲུབ་དང་། དད་པ། སྒོམ་གྱི་སྐོར་ལ་གསུང་བཤད་གནང་ཡོད།
གཞན་ཡང་ཉིན་དེར་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཨུ་ལན་ཨུ་དེའི་ (Ulan-Ude) ཨུ་རུ་སུ་ཚན་རིག་སློབ་གསོ་ཁང་གི་ས་ཡི་བི་རི་ཡ་ཡན་ལག་གི་སོག་པོ་དང་། ནང་པ་སངས་རྒྱས་པ། བོད་རིག་པའི་མཐོ་སློབ་ཀྱི་རྒྱལ་སྤྱིའི་ཚོགས་ཆེན་དུ། དེང་རབས་ཀྱི་འཛམ་གླིང་ནང་བོད་ཀྱི་ནང་ཆོས་དང་བོད་མིའི་སྤྱི་ཚོགས་ཀྱིས་གདོང་ལེན་བྱས་པའི་ཀླན་ཀ་ཁག ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད།
ཕྱི་ཚེས་ ༢༩ ཉིན་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཨུ་ལན་ཨུ་ཌེར་ (Ulan-Ude) ལ་ཨུ་རུ་སུ་ཚན་རིག་སློབ་གསོ་ཁང་གི་ས་ཡི་བི་རི་ཡ་ (Siberia) ཡན་ལག་གི་སོག་པོ་དང་། ནང་པ་སངས་རྒྱས་པ། བོད་རིག་པའི་མཐོ་སློབ་ཀྱི་རྒྱལ་སྤྱིའི་ཚོགས་ཆེན་གྱི་ལྷན་ཚོགས་དང་པོ། ནང་ཆོས་དང་། ལྟ་གྲུབ། ཚན་རིག མཚུངས་བསྡུར་སློབ་གཉེར་བཅས་ཀྱི་ཟུང་འབྲེལ་ཚོགས་གཙོ་དང་། དེའི་ཐོག་ཁོང་གིས། ནང་པའི་སྒོམ་གྱི་གཞུང་ལུགས་དང་ལག་ལེན་ཐོག་ཚན་རིག་གི་དན་རྟགས། ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་། ཕྱི་ཚེས་ ༣༠ ཉིན་བྷ་ཡི་ཀལ་ (Baikal) དུ་ཨུ་རུ་སུ་ཚན་རིག་སློབ་གསོ་ཁང་གི་ས་ཡི་བི་རི་ཡ་ཡན་ལག་གི་སོག་པོ་དང་། ནང་པ་སངས་རྒྱས་པ། བོད་ཀྱི་རིག་པའི་མཐོ་སློབ་ཀྱི་གོ་སྒྲིག་འོག ནུབ་ཕྱོགས་སུ་ནང་ཆོས། གླེང་སྟེགས་སྒོར་མོ་དང་། དེ་བཞིན། ཨུ་རུ་སུ་དང་སོག་པོའི་ནང་ཆོས་སློབ་གཉེར་ཐད་ཉམས་མྱོང་དང་རེ་འདུན། ཞེས་པའི་གླེང་སྟེགས་སྒོར་མོའི་བགྲོ་གླེང་ལྷན་ཚོགས་ཐོག་མཉམ་ཞུགས་གནང་ཡོད། ཕྱི་ཚེས་ ༣༡ ཉིན་སྔ་དྲོ་མཚོ་བྷ་ཡི་ཀལ་ (Lake Baikal) གྱི་འགྲམ་དུ་ཀླུ་མཆོད་ལ་མཉམ་ཞུགས་དང་། ཕྱི་དྲོ་དགེ་བཤེས་འཕྲིན་ལས་ཀྱི་སྒོམ་ཁང་དུ་ཕེབས་ཏེ་སྒྲོལ་ལྗང་ཞེས་པའི་ནང་པའི་ཚོགས་སྡེའི་ཚོགས་མི་རྣམས་དང་ནང་པའི་སྒོམ་གྱི་སྐོར་གསུང་བཤད་གནང་།
ཕྱི་ཟླ་ ༦ ཚེས་ ༡ ཉིན་སྔ་དྲོའི་རིང་ཇི་ལྟར་གདན་ཞུས་ལྟར་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་གྲོང་གསེབ་འགའ་ཞིག་ཏུ་ཡོད་པའི་མཆོད་རྟེན་རྣམས་ལ་མཆོད་མཇལ་དང་། ཨཏ་ས་གཏ་འབྲོག་སྡེར་ཉིན་གུང་གསོལ་ཚིགས་གནང་། ཕྱེད་ཡོལ་ཨུ་ལན་ཨུ་ཌེའི་རྒྱལ་ཡོངས་དཔེ་མཛོད་ཁང་དུ་མཁས་དབང་རོ་བྷར་ཊི་ཐར་མན་ལགས་ཀྱིས་བརྩམས་པའི། ཅིའི་ཕྱིར་ཏཱ་ལའི་བླ་མ་གནད་འགག་ཆགས་སམ། ཞེས་པའི་དཔེ་དེབ་ཨུ་རུ་སུའི་སྐད་དུ་བསྒྱུར་བ་དེ་འདོན་སྤེལ་སྐབས་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་བརྒྱུད་ནང་བསྟན་གྱི་ལྟ་གྲུབ་དང་། དད་པ། སྒོམ་གྱི་སྐོར་ལ་གསུང་བཤད་གནང་འདུག
ཕྱི་ཚེས་ ༢ ཉིན་གྱི་སྔ་དྲོ་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་མཁན་པོ་བླ་མ་ཨི་ཏི་གེ་ལོབ་ཀྱི་སྐུ་གདུང་མཆོད་རྟེན་མཇལ་ཁ་དང་། ཕྱི་དྲོ་ཨུ་ལན་ཨུ་ཌེའི་ཨུ་རུ་སུའི་ཟློས་གར་འཁྲབ་སྟོན་ཁང་དུ། ནང་ཆོས་ཀྱི་ལྟ་གྲུབ་དང་། དད་པ། སྒོམ་གྱི་སྐོར། མང་ཚོགས་ལ་གསུང་བཤད་གནང་འདུག
ཕྱི་ཚེས་ ༣ ཉིན་ཨུ་ལན་ཨུ་ཌེ་ (Ulan-Ude) ནས་མོ་སོ་ཁོ་ (Moscow) དང་། དེ་ནས་ཀལ་མི་ཀི་ཡའི་ (Kalmykia) རྒྱལ་ས་ཨེ་ལི་སི་ཏ་ (Elista) ལ་ཕེབས་འབྱོར་གནང་འདུག ཕྱི་ཚེས་ ༤ ཉིན་སྔ་དྲོ་གཙུག་ལག་ཁང་དང་དགེ་ལྡན་བཤད་སྒྲུབ་ཆོས་འཁོར་གླིང་དགོན་པར་མཆོད་མཇལ་ཞུས་པ་དང་། ཕྱི་དྲོ་ཀལ་མི་ཀི་ཡའི་ཕོ་བྲང་དཀར་པོར་ (White House of Kalmykia) ཀལ་མི་ཀི་ཡའི་རིག་གཞུང་བློན་ཆེན་ལྕམ་ཨ་མུ་ལང་ག་ཨུ་ཅུ་རོ་བ་ (Mrs. Amulanga Uchurova, Kalmyk Minister of Culture) དང་། ཀལ་མི་ཀི་ཡའི་གཙོ་འཛིན་ཨེ་ལེཀ་སེ་ཨོར་ལོབ་ (Mr. Alexey Orlov, Head of Kalmykia Republic) བཅས་སོ་སོར་མཇལ་འཕྲད་དང་། དེ་ནས་གཙུག་ལག་ཁང་གི་ཚོགས་ཁང་དུ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བཤེས་སྤྲིངས་སློབ་ཁྲིད་གནང་ཡོད།
ཕྱི་ཚེས་ ༥ ཉིན་སྔ་དྲོ་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཀལ་མིཀ་གཙུག་ལག་སློབ་གཉེར་ཁང་དུ་གསུང་བཤད་གནང་ཞིང་། ཕྱི་དྲོ་གཙུག་ལག་ཁང་གི་དཔེ་མཛོད་ཁང་དུ་གསར་འགོད་ལྷན་ཚོགས་དང་། དེ་བཞིན་གཙུག་ལག་ཁང་གི་ཚོགས་ཁང་དུ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བཤེས་སྤྲིངས་སློབ་ཁྲིད་གནང་འདུག ཕྱི་ཚེས་ ༦ ཉིན་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་སྔ་དྲོ་ཨ་མར་ས་ནན་རྒྱལ་ཡོངས་དཔེ་མཛོད་ཁང་ (Amur Sanan National Library) དུ་ས་གནས་ཀྱི་བོད་ཀྱི་གྲོགས་པོའི་ཚོགས་པ་དང་མཇལ་འཕྲད་དང་། དེ་རྗེས་གཙུག་ལག་ཁང་དུ་བཅར་འདྲི་ཞིག་ལ་ལན་འདེབས་གནང་བ་མ་ཟད། ཕྱི་དྲོ་ཀལ་མི་ཀི་ཡའི་རྒྱལ་ས་ཨེ་ལི་སི་ཏ་ (Elista) ནས་མཁའ་ལམ་རྒྱུད་ཨུ་རུ་སུའི་རྒྱལ་ས་མོ་སོ་ཁོ་ (Moscow) ལ་ཕེབས་འབྱོར་གནང་འདུག