༢༠༡༤ ཟླ་ ༦ ཚེས་ ༡༨ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༡༥ ཉིན་ཕ་རན་སིར་རྟེན་གཞི་བྱས་པའི་བོད་ཁང་གིས་གོ་སྒྲིག་འོག་བོད་ཀྱི་དུས་སྟོན་དང་ཧི་མཱ་ལ་ཡའི་མི་རིགས། ཞེས་པའི་ལོ་འཁོར་དུས་སྟོན་ཐེངས་ ༡༤ པ་འདི་མཇུག་སྒྲིལ་གནང་འདུག
དེ་ཡང་འདི་ལོའི་དུས་སྟོན་འདི་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་བར་འཛམ་གླིང་གི་སྐྱེ་འགྲོ་སྤྱི་དང་ལྷག་པར་བོད་བསྟན་སྲིད་མི་རིགས་ཀྱི་བདེ་དོན་ཁོ་ནའི་ཆེད་སྐུ་ངལ་འཛེམས་མེད་ཐོག་མཛད་འཕྲིན་བསྐྱངས་དང་སྐྱོང་མུས་དེར་དམིགས་བསལ་གྱི་བཀའ་དྲིན་རྗེས་དྲན་ཞུ་རྒྱུར་དམིགས་པ་ཞིག་ཡིན་འདུག དེ་ཡང་ཉིན་གྲངས་གཉིས་རིང་གི་དུས་སྟོན་ཐོག་བོད་རིགས་དང་ཕ་རན་སི་མི་རིགས་སྟོང་ཚོ་བརྒལ་བས་མཉམ་ཞུགས་གནང་འདུག
ཐེངས་འདིའི་བོད་ཀྱི་དུས་སྟོན་སྐབས་༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུ། ཞེས་པའི་གླེང་སྟེགས་སྒོར་མོའི་ལྷན་ཚོགས་ཤིག་ཀྱང་གོ་སྒྲིག་ཞུས་འདུག་པ་དེའི་ཐོག་དེ་སྔ་ཕ་རན་སི་གྲོས་ཚོགས་ཀྱི་ཚོགས་གཞོན་དང་། བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སྐུ་ཞབས་ལུ་ཨིས་ཌི་བྷོ་རོ་སི་ཡ་ Mr. Louis de Broissia མཆོག་གིས་གཙོས་སྦར་སིལ་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་དང་། བོད་མི་མང་སྤྱི་འཐུས་ཟུར་པ་བསོད་ནམས་ཚེ་རིང་ཕར་སི་ལགས་བཅས་ཀྱིས་མཉམ་ཞུགས་གནང་ཡོད།
གཞན་ཡང་ཉིན་གྲངས་གཉིས་རིང་གི་དུས་སྟོན་སྐབས་བོད་མིས་རང་ལུས་མེར་སྲེག་བཏང་བའི་སྐོར་དང་། བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་རིག་གཞུང་རྩ་གཏོར། ཞེས་པའི་བརྗོད་གཞི་ཁག་མི་འདྲ་བ་གཉིས་ཀྱི་ཐོག་བགྲོ་གླེང་ལྷན་ཚོགས་གནང་ཡོད་པ་དང་། སྐབས་དེར་རྒྱ་ནག་དང་ཕ་རན་སིའི་གནད་དོན་ཐོག་མཁས་དབང་ལྕམ་སྐུ་མཱ་རི་ཧོལ་ཛ་མེན་ལགས་དང་། ཕ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མི་ཨེན་ཌེ་རི་གྷ་ཊོ་ལོན་ Andre Gattolin ལགས། དེ་སྔ་ཕ་རན་སིའི་གྲོས་ཚོགས་ཀྱི་ཚོགས་གཞོན་ཇིན་མ་ཡེ་ཀལ་བེ་ལོར་གེ་མཆོག རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱི་ཨེ་ཤི་ཡའི་ངེས་སྟོན་པ་སྐུ་ཞབས་བེན་ཇ་མེན་ཨིས་མ་ཡེལ་ལགས། བོད་རིག་པའི་མཁས་དབང་ཀ་ཏི་ཡ་ Katia Buffetrille ལགས་བཅས་ཀྱིས་མཉམ་ཞུགས་གནང་འདུག
ཐེངས་འདིའི་དུས་སྟོན་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་ཆེད་ཕེབས་གནང་ཡོད་པ་མ་ཟད། བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་རིག་གཞུང་རྩ་གཏོར། ཞེས་པའི་བརྗོད་གཞིའི་བགྲོ་གླེང་ནང་མཉམ་ཞུགས་ཀྱང་གནང་ཡོད།
འདི་ལོའི་དུས་སྟོན་ཐོག་ཡུ་རོབ་བོད་རིགས་ནང་ཁུལ་དབར་བོད་ཀྱི་རིག་གཞུང་འཁྲབ་སྟོན་འགྲན་བསྡུར་ཐེངས་དང་པོའི་ཐོག་ཕ་རང་སི་དང་། སི་པེན། སྦེལ་ཇམ། དབྱིན་ཡུལ་བཅས་ཡུ་རོབ་རྒྱལ་ཁབ་བཞིའི་བོད་རིགས་རུ་ཁག་གི་འཁྲབ་སྟོན་པས་མཉམ་ཞུགས་གནང་འདུག རིག་གཞུང་འཁྲབ་སྟོན་འགྲན་བསྡུར་འདི་བཞིན་གོ་སྒྲིག་ཞུ་རྒྱུའི་དམིགས་ཡུལ་གཙོ་བོ་ནི་ཡུ་རོབ་ཁུལ་དུ་ཡོད་པའི་བོད་རིགས་ཚོགས་པ་ཕན་ཚུན་དབར་རིག་གཞུང་འཁྲབ་སྟོན་བརྒྱུད་ནས་འབྲེལ་ལམ་དམ་ཟབ་ཡོང་ཆེད་དང་།
ལྷག་པར་བོད་རིགས་གཞོན་སྐྱེས་ཁྲོད་བོད་ཀྱི་གཞས་སྣ་སྒྱུ་རྩལ་ངོ་སྤྲོད། བོད་མི་རིགས་ཀྱི་རིག་གཞུང་མི་ཉམས་རྒྱུན་འཛིན་ཡོང་ཆེད་ཡིན་འདུག རིག་གཞུང་འཁྲབ་སྟོན་གྱི་འགྲན་བསྡུར་འདི་བཞིན་ཕ་རན་སི་བོད་རིགས་ཚོགས་པའི་ཐང་སྟོང་ཉེས་ཡངས་རིག་གཞུང་འཁྲབ་སྟོན་རུ་ཁག་དང་ཕ་རན་སི་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་གཉིས་ཟུང་འབྲེལ་ཐོག་གོ་སྒྲིག་གནང་བ་ཞིག་ཡིན་འདུག ཐེངས་འདིའི་དུས་སྟོན་ཐོག་བོད་ཀྱི་ཐུན་མོང་མིན་པའི་ཆོས་དང་རིག་གཞུང། སྒྱུ་རྩལ། ཟློས་གར་བཅས་འགྲེམས་སྟོན་གནང་ཡོད་པ་མ་ཟད། བོད་དོན་གྱི་གློག་བརྙན་དང་བོད་བརྒྱུད་ནང་ཆོས་ཀྱི་སྒོམ་སྒྲུབ་ཉམས་ལེན་གནང་ཕྱོགས་སོགས་ཀྱི་སྐོར་འགྲེམས་སྟོན་ཡང་གནང་འདུག