༢༠༡༤ ཟླ་ ༥ ཚེས་ ༡༦ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༡༧ ནས་ཚེས་ ༢༧ བར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཌེན་མཱཀ་དང་། ནོར་ཝེ། ལྡི་ལི་བཅས་སུ་གཞུང་འབྲེལ་མི་སྣ་དང་ལྷན་ཤེས་རིག་གི་ལས་གཞི་ཁག་གི་སྐོར་བཀའ་བསྡུར་དང་། གྲོས་ཚོགས་ཀྱི་འཐུས་མི་རྣམས་དང་མཇལ་འཕྲད། བོད་རིགས་མང་ཚོགས་ལ་བཀའ་སློབ། ཁྱད་མཁས་མི་སྣ་དང་ཉམས་ཞིབ་པ་རྣམས་དང་བགྲོ་གླེང་ཚོགས་འདུ་སོགས་ཀྱི་གཞུང་འབྲེལ་ཕྱོགས་ཕེབས་གནང་རྒྱུ་ཡིན་འདུག
དེ་ཡང་ཕྱི་ཚེས་ ༡༧ ཉིན་སྲིད་སྐྱོང་མཆོག་རྡ་ས་ནས་གྷ་གྷལ་བརྒྱུད་ལྡི་ལིར་ཕེབས་འབྱོར་གནང་རྒྱུ་དང་། ཕྱི་ཚེས་ ༡༨ ཉིན་ལྡི་ནས་ཕརང་ཕརཊ་བརྒྱུད་ཀོ་པན་ཧེ་གྷན་དུ་ཕེབས་འབྱོར་གྱིས་ཕྱི་ཚེས་ ༡༨ ནས་ ༢༠ བར་ཁུལ་དེའི་ལས་རིམ་ཁག་གྲུབ་རྗེས། ཕྱི་ཚེས་ ༢༡ ཉིན་ཀོ་པན་ཧེ་གྷན་ནས་ཨོ་སི་ལོར་ཕེབས་འབྱོར་གནང་སྟེ། ཕྱི་ཚེས་ ༢༢ དང་ ༢༣ བཅས་ཉིན་གྲངས་གཉིས་རིང་ས་གནས་སུ་ལས་རིམ། ཕྱི་ཚེས་ ༢༤ ཉིན་ཨོས་ལོ་ནས་མུ་ནིཀ་བརྒྱུད་ལྡིལིར་ཕེབས་འབྱོར་དང་། ཕྱི་ཚེས་ ༢༥ དང་ ༢༦ ཉིན་ལྡི་ལིར་གནད་ཡོད་མི་སྣ་དང་ལྷན་མཇལ་འཕྲད་གནང་སྟེ་ཕྱི་ཚེས་ ༢༧ ཉིན་ལྡི་ལི་ནས་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་འདུག