༢༠༡༤ ཟླ་ ༥ ཚེས་ ༡༩ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༡༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉིན་གྲངས་བཅུ་གཉིས་རིང་འགྲོ་དོན་ཆེད་ཡུ་རོབ་ཀྱི་རྒྱལ་ཁབ་ལཱ་ཏི་ཝི་ཡ་དང་ནོར་ཝེ། ཧོ་ལན་ཌི། ཇར་མན་བཅས་སུ་བཀའ་ཆོས་དང་། བཀའ་སློབ་སྩལ་བ་དང་། བགྲོ་གླེང་ལ་ལྷན་ཞུགས། མི་སྣ་མཇལ་འཕྲད་སོགས་ཀྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་སྟེ་རྡ་སར་༸ཞབས་སོར་བདེ་བར་འཁོད་ཡོད།
དེ་ཡང་༸གོང་ས་མཆོག་གིས་ཕྱི་ཚེས་ ༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་ལ་ཏི་ཝི་ཡའི་ (Latvia) ནང་རྟེན་གཞི་བྱས་པའི་ཀིབ་ས་ལ་རྒྱལ་སྤྱིའི་འགྲེམས་སྟོན་བསྟི་གནས་ཁང་ (Kipsala International Exhibition Centre) ཞེས་པའི་ནང་དད་ལྡན་པ་ཁྱོན་མི་གྲངས་ ༣༥༠༠ བརྒལ་བ་རྣམས་ལ་ཤེས་རབ་སྙིང་པོ་དང་རྒྱལ་སྲས་ལག་ལེན་སོ་བདུན་མའི་ཆོས་འབྲེལ་སྩལ།
ཕྱི་ཚེས་ ༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༣༠ ཐོག་བཞུགས་གནས་མགྲོན་ཁང་དུ་ལ་ཏི་ཝི་ཡ་དང་། ཨི་སི་ཊོ་ནི་ཡ། ཨུ་རུ་སུ། པོ་ལེན་ཌི། དེ་བཞིན་ནོར་ཝེ་སོགས་རྒྱལ་ཁབ་འདྲ་མིན་ཁག་ནས་ཕེབས་པའི་གསར་འགོད་པ་ཁྱོན་མི་གྲངས་ ༥༠ བརྒལ་བ་ལྷན་འཛོམས་ཀྱིས་གསར་འགོད་ལྷན་ཚོགས་བསྐྱངས་གནང་མཛད།
ཕྱི་ཚེས་ ༧ ཉིན་ནོར་ཝེའི་ (Norway) རྒྱལ་ས་ཨོ་སི་ལོར་ (Oslo) ༸ཞབས་སོར་འཁོད་དེ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཚོགས་ཆུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ཏེ་མི་ལོ་ ༢༥ ཧྲིལ་པོ་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་རྒྱུའི་མཛད་སྒོར་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཡོད་པ་མ་ཟད་གསར་འགོད་པའི་དྲི་བར་བཀའ་ལན་ཡང་སྩལ།
ཕྱི་ཚེས་ ༨ ཉིན་ནོར་ཝེའི་རྒྱལ་ས་ཨོ་སི་ལོར་རྟེན་གཞི་བྱས་པའི་ཨོ་སི་ལོ་གཙུག་ལག་སློབ་གཉེར་ཁང་ (Oslo University) དུ་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མའི་ཆོས་འབྲེལ་དང་། ཕྱེད་ཡོལ་སློབ་ཕྲུག་ཁག་གཅིག་ལ་མི་རབས་གསར་པའི་ལས་འགན་ (Taking Responsibility for Tomorrows World) ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་ཡོད་པ་མ་ཟད། གོང་ཚེས་ཉིན་གྱི་ཕྱི་དྲོ་མགོན་པོ་གང་ཉིད་མཆོག་དབུ་བཞུགས་ཐོག་ཁུལ་དེར་༼གང་ཟག་སྒེར་གྱི་ལུས་ངག་ཡིད་གསུམ་གྱི་བླང་དོར་སྤྱོད་ཚུལ་ལ་འགྱུར་ལྡོག་༽ ཅེས་པའི་བརྗོད་གཞིའི་ཐོག་མང་ཚོགས་དང་སློབ་ཕྲུག་ལྷན་བགྲོ་གླེང་མཛད། དེ་བཞིན་གཙུག་ལག་སློབ་གྲྭར་ཆིབས་སྒྱུར་མ་བསྐྱངས་གོང་ཡི་ཤུའི་དབུ་བླ་དང་ཆོས་དཔོན་ཁག་གཅིག་ལ་མཇལ་ཁ་དང་བཀའ་སློབ་སྩལ།
ཕྱི་ཚེས་ ༩ ཉིན་གྱི་ཕྱེད་ཡོལ་ནོར་ཝེའི་རྒྱལ་ས་ཨོ་སི་ལོ་དང་། དེའི་ཉེ་འཁོར་དུ་ཡོད་པའི་སི་ཝི་ཌེན་དང་། (Sweden) ཌེན་མརཀ་(Denmark) བཅས་ནས་ཡིན་པའི་བོད་རིགས་དང་། ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམ་པར་མཇལ་ཁ་དང་བཀའ་སློབ། དེ་བཞིན་ནོར་ཝེའི་གྲོས་ཚོགས་སུ་བཀའ་སློབ་སྩལ།
ཕྱི་ཚེས་ ༡༠ ཉིན་ནོར་ཝེའི་མཛད་འཕྲིན་རྣམས་ཡོངས་སུ་ལེགས་གྲུབ་ཀྱིས་ཧོལ་ལེན་ཌིའི་ (Holland) གྲོང་ཁྱེར་རོ་ཊར་ཌོམ་(Rotterdam)དུ་༸ཞབས་སོར་བདེ་བར་འཁོད་དེ་གསར་འགོད་ལྷན་ཚོགས་ཤིག་ཏུ་ཆིབས་སྒྱུར་བསྐྱངས་ཏེ་སྐུའི་རླབས་ཆེན་གྱི་མཛད་ཁུར་གཙོ་བོ་གསུམ་གྱི་སྐོར་བཀའ་སློབ་དང་གསར་འགོད་པའི་དྲི་བར་བཀའ་ལན་སྩལ། ཉིན་གུང་ལྗགས་སྨིན་གྲུབ་བསྟུན་ཝེ་རེལ་ཌི་འགྲེམས་སྟོན་ཁང་ (Wereldmuseum) དུ་ཆིབས་སྒྱུར་བསྐྱངས་ཏེ་བོད་ཀྱི་རིག་གཞུང་དང་འབྲེལ་བའི་དངོས་རྫས་ཁག་གཅིག་ལ་རབ་གནས་དང་། ཡི་ཤུའི་ལྷ་ཁང་ལོ་རེན་སི་ཀིག་ (Laurenskerk) ནང་བོད་མི་ཉིས་སྟོང་ཙམ་ལ་མཇལ་ཁ་དང་བཀའ་སློབ་སྩལ་གྲུབ་བསྟུན་ས་གནས་བོད་རིགས་ཚེ་རིང་བྱམས་པ་ལགས་དང་ཚེ་རིང་ལྷ་འཛོམས་གཉིས་ཀྱིས་མགོན་པོ་གང་ཉིད་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ནས་མི་ལོ་ ༢༥ འཁོར་བའི་རྗེས་དྲན་མཚོན་ཆེད་གཟེངས་རྟགས་ཤིག་འབུལ་ལམ་ཞུས་པ་ལྟར་ཐུགས་དགྱེས་ཚོར་ཆེན་པོས་ཞལ་བཞེས་མཛད། དེ་ནས་༸གོང་ས་མཆོག་དང་ཧོལ་ལེན་ཌིའི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ཕ་རན་སི་ཊིམ་མར་མན་སི་ (Frans Timmermans) མཆོག་མཇལ་འཕྲད་ཀྱིས་གསུང་མོལ་མཛད།
ཕྱི་ཚེས་ ༡༡ ཉིན་ཧོལ་ལེན་ཌིར་ལམ་གཙོ་རྣམ་གསུམ་གྱི་ཆོས་འབྲེལ་དང་མང་ཚོགས་ཀྱི་དྲི་བར་བཀའ་ལན་སྩལ།
ཕྱི་ཚེས་ ༡༢ ཉིན་༸གོང་ས་མཆོག་གིས་ཧོ་ལེན་ཌིའི་གྲོང་ཁྱེར་ཧེག་(The Hague) ནང་ཆིབས་སྒྱུར་བསྐྱངས་ཏེ་དེར་རྟེན་གཞི་བྱས་པའི་ཡུལ་དེའི་གྲོས་ཚོགས་ཀྱི་ཚོགས་ཁང་ནང་ཧོལ་ལེན་ཌིའི་ཕྱི་འབྲེལ་ལས་དོན་ཚན་པའི་ (Dutch Parliament Foreign Affairs Committee) ཚོགས་མི་རྣམ་པས་གཙོས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་དང་མཇལ་འཕྲད་མཛད་ཡོད་པ་མ་ཟད། སེམས་ཀྱི་སློབ་གསོ། ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་སྩལ། གོང་ཚེས་ཉིན་གྱི་སྔ་དྲོ་ཧོལ་ལེན་ཌིའི་གྲོང་ཁྱེར་རོ་ཊར་ཌམ་ནང་རྟེན་གཞི་བྱས་པའི་ (Park Builder berg) པ་རཀ་མགྲོན་ཁང་དུ་བོད་དོན་རྒྱབ་སྐྱོར་བ་ཁག་གཅིག་དང་མཇལ་འཕྲད་གྲུབ་མཚམས་རྒྱ་རིགས་ཁག་གཅིག་ལ་ཟུར་དུ་མཇལ་ཁ་དང་བཀའ་སློབ་སྩལ།
ཕྱི་ཚེས་ ༡༣ ཉིན་མགོན་པོ་གང་ཉིད་མཆོག་ཧོལ་ལེན་ཌི་ཁུལ་གྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་སྟེ་ཨེམ་སི་ཊར་ཌམ་ (Amsterdam) ནས་མཁའ་ལམ་བརྒྱུད་ཕེ་རེང་ཀོ་ཕོ་ཊིར་ (Frankfurt) ༸ཞབས་སོར་བདེ་བར་འཁོད་དེ་ཕྱི་ཚེས་ ༡༤ ཉིན་ཇར་མན་ནང་མཛད་འཕྲིན་ཉིན་གཉིས་པའི་སྐབས་ཐོག་མར་གསར་འགོད་པ་ཁག་གཅིག་དང་མཇལ་འཕྲད་ཀྱིས་ཆེད་དོན་དྲི་བ་དང་ཇར་མན་བོད་ཁང་གི་ཚོགས་མི་རྣམས་ལ་བཀའ་སློབ་སྩལ།
ཕྱི་ཚེས་ ༡༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༣༠ ཐོག་ཕེ་རེང་ཀོ་ཕོ་ ཊིར་རྟེན་གཞི་བྱས་པའི་ (Museum of Modern Art) ཞེས་པའི་ནང་ཇར་མན་དུ་གནས་སྡོད་བོད་རིགས་ ༣༠༠ བརྒལ་བར་བཀའ་སློབ་སྩལ། གོང་ཚེས་ཉིན་ཇར་མན་གྲོང་ཁྱེར་ཕེ་རེང་ཕོ་ཊིའི་སེན་པོལ་ཡི་ཤུའི་ལྷ་ཁང་པོལ་སི་ཀིར་ཆེའི་ St Paul’s Church – Paulskirche ནང་སློབ་ཕྲུག་ཁག་གཅིག་ལ་མཇལ་ཁ་དང་བཟང་སྤྱོད་སྐོར་བཀའ་སློབ་སྩལ།
ཕྱི་ཚེས་ ༡༦ ཉིན་བོད་ཀྱི་གྲོགས་པོ་ཚོགས་པས་གོ་སྒྲིག་འོག་ཚོང་པ་དང་། སྒྱུ་རྩལ་བ། དགེ་རྒན་སོགས་ལ་བཀའ་སློབ་སོགས་ཡུ་རོབ་ཁུལ་གྱི་མཛད་འཕྲིན་རྣམས་ཡོངས་སུ་ལེགས་གྲུབ་ཀྱིས།
ཕྱི་ཚེས་ ༡༧ སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་ག་གྷལ་གནམ་ཐང་དུ་༸ཞབས་སོར་འཁོད་སྐབས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གཙོས། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་སོགས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། དེ་ནས་ཆིབས་འགྲོ་བརྒྱུད་བཞུགས་སྒར་དུ་ཆིབས་སྒྱུར་བསྐྱངས་སྐབས་སྲི་ཞུའི་ལས་བྱེད་རྣམ་པས་གཙོས་རྡ་སའི་སེར་སྐྱ་མི་དམངས་དང་། དད་ལྡན་པ་རྣམས་ནས་ལག་ཏུ་དཀར་གཙང་མཇལ་དར་དང་བདུག་སྤོས་ཐོགས་ཏེ་ཕེབས་བསུ་དང་། ཕོ་བྲང་གི་རྒྱལ་སྒོའི་ནང་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱལ་མཆོག་གིས་དབུས་ཁྲིམས་ཞིབ་པ་གཞན་གཉིས་དང། བཀའ་བློན་རྣམ་པ། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ་བཅས་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།།