༢༠༡༤ ཟླ་ ༥ ཚེས་ ༡༣ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༡༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནེ་དར་ལེན་ཌིའི་རོ་ཊར་ཌེམ་(Rotterdam)གྲོང་ཁྱེར་ནང་གི་ཡི་ཤུའི་ལྷ་ཁང་(the church of Laurenskerk)ཞེས་པའི་ནང་ས་གནས་ཀྱི་བོད་མི་ཙམ་མ་ཟད། ཉེ་འཁྲིས་བྷེལ་ཇམ་དང་ཕ་རན་སི་སོགས་ནས་བཅར་བའི་བོད་མི་ཁྱོན་མི་གྲངས་ ༢༠༠༠ བརྒལ་བར་བཀའ་སློབ་སྩལ་འདུག
དེ་ཡང་དེ་ཉིན་གྱི་ཕྱེད་ཡོལ་༸གོང་ས་མཆོག་གིས་ས་གནས་དེར་རྟེན་གཞི་བྱས་པའི་འགྲེམས་སྟོན་ཁང་ཞིག་གི་ནང་ཡོད་པའི་བོད་ཀྱི་སྐུ་བརྙན་ཁག་གཅིག་ལ་རབ་གནས་མཛད་ཡོད་པ་དང་། དེ་རྗེས་མགོན་པོ་གང་ཉིད་མཆོག་གིས་གོང་གསལ་ཡི་ཤུའི་ལྷ་ཁང་དེའི་ནང་བོད་རིགས་ཚོར་བཀའ་སློབ་སྩལ་དོན། འཛམ་གླིང་གི་ཡང་ཐོག་བོད་ཁ་བ་གངས་ཅན། དེ་བཞིན་ཆོས་ཕྱོགས་ཀྱི་ཐོག་ནས་བཤད་ན་འཕགས་པ་སྤྱན་རས་གཟིགས་དང་ཐུན་མོང་མ་ཡིན་པའི་ལས་འབྲེལ་ཡོད་པའི་སོ་སོའི་ལུང་པའི་ནང་དེང་སྐབས་ཧ་ཅང་དཀའ་ངལ་འཕྲད་བཞིན་ཡོད། འཛམ་གླིང་འདིའི་སྟེང་གི་རང་དབང་ལུང་པ་ཁག་མང་པོའི་ནང་བོད་མི་མང་པོ་ཞིག་བཙན་བྱོལ་བ་བྱས་ཏེ་བསྡད་ཡོད།
དེ་རིང་འདིར་ཡུ་རོབ་ཁུལ་ལ་ཡོད་པའི་ཁྱེད་རང་ཚོ་བོད་རིགས་གང་ཙམ་ཞིག་ཆེད་མངགས་ངོས་རང་ཐུག་ཏུ་ཡོང་བ་ལྟར་དེ་རིང་ང་ཚོ་འདིར་རུག་རུག་བྱས་ཏེ་ཐུག་རྒྱུ་བྱུང་ཡོད། ཁྱེད་རང་ཚོར་འཚམས་འདྲི་ཡོད། ངོས་ལ་ཆ་བཞག་ན་རང་ལོ་ ༢༥ ནས་བཟུང་ལོ་རྒན་ ༧༩ བར་བཙན་བྱོལ་བ་བྱས་ནས་བསྡད་པ་རེད། ང་ཚོར་དཀའ་ངལ་མང་དག་ཅིག་འཕྲད་ཡོད་ཀྱང་། བོད་མི་རིགས་ཞེས་པ་དེ་ལས་སླ་པོ་ཞིག་མེད། ཇི་ཙམ་གྱི་དཀའ་ངལ་འཕྲད་པ་དེ་ཙམ་གྱི་བོད་མིའི་སྙིང་སྟོབས་དང་ལྷག་བསམ་རི་བོ་བཙུགས་པ་ལྟར་གནས་ཡོད། ང་ཚོ་བོད་པ་སྐྱོ་བོ་ཁྱོན་ནས་མིན། གཙོ་ཆེ་ཤོས་གཞིས་ལུས་རྒྱ་ཆེའི་མི་མང་རྣམས་ལ་ལྟོས་དང་ད་བར་མི་ལོ་ ༦༠ ལྷག་རིང་འཇིགས་སྣང་དང་དཀའ་སྡུག་ཚད་མེད་མྱངས་དང་མྱོང་བཞིན་ཡོད་ནའང་། སོ་སོའི་མི་རིགས་ལ་ཞེན་ཁོག་དང་མི་རིགས་ཀྱི་བདེན་དོན་རྩོད་རྒྱུར་ཧ་ལས་པའི་སྙིང་སྟོབས་ཡོད། དེ་ཡང་མཐའ་གཅིག་ཏུ་འཚེ་བ་མེད་པའི་ལམ་ལ་བརྟེན་ནས་འགྲོ་བཞིན་ཡོད། དེར་བརྟེན་ང་ཚོ་བོད་རིགས་སྤྱི་དང་ལྷག་པར་གཞིས་ལུས་རྒྱ་ཆེའི་མི་མང་རྣམས་ཀྱིས་དཀའ་ངལ་གདོང་ལེན་བྱེད་སྟངས་དེ་ཧ་ལས་པ་ཞིག་རེད།
ཕྱོགས་མཚུངས་ང་ཚོ་བཙན་བྱོལ་ལ་ཡོད་མཁན་བོད་མི་རྣམས་ལ་ཆ་བཞག་ནའང་། འདས་པའི་ལོ་ངོ་ ༥༥ ཙམ་འགྲོ་བཞིན་ཡོད། ས་གནས་གང་དུ་ཡོད་རུང་སོ་སོའི་མི་རིགས་ལ་ཞེན་ཁོག་དང་ལར་ཞེན། དེ་བཞིན་སོ་སོའི་ཆོས་དང་རིག་གཞུང་གི་ཐོག་ཚང་མས་དོ་སྣང་དང་སེམས་ཁུར་བྱེད་བཞིན་ཡོད།
བོད་ཀྱི་ལོ་རྒྱུས་ཀྱི་ནང་དཀའ་ངལ་ཆེ་ཤོས་ཡོད་པ་གཉན་འཕྲང་གི་དུས་ཚོད་འདི་ལྟ་བུ་ཞིག་ལ་སོ་སོའི་ལས་དང་སྨོན་ལམ་གྱི་སྐྱེས་པའི་ང་ཚོའི་མི་རབས་འདི་དག་གིས་བོད་མི་རིགས་ཀྱི་ཞབས་འདྲེན་ཞུས་མེད། སྔར་ཆོས་རྒྱལ་མེས་དབོན་རྣམ་གསུམ་ལམ་ཆོས་རྒྱལ་ལོ་པཎ་རྣམ་པའི་རྗེས་ཤུལ་ཆགས་ཀྱི་ཡོད། ང་ཚོས་ཕལ་ཆེར་ཞབས་འདྲེན་ཞུས་མེད། ང་ཚོས་བོད་མི་རིགས་ཀྱི་རང་ཚུགས་བཟུང་པའི་ཐོག་སྙིང་སྟོབས་བཅང་ནས་བསྡད་ཡོད་སྟབས་བོད་ཀྱི་གནས་ཚུལ་འདི་ནག་སུབ་ཏུ་ཕྱིན་མེད། ད་བར་ལོ་ངོ་ ༦༠ བརྒལ་བ་ཕྱིན་ཡོད་ཀྱང་ད་ལྟའང་འཛམ་གླིང་འདིའི་སྟེང་བོད་ཀྱི་གནས་ཚུལ་དེ་གསོན་པོར་གནས་ཡོད། བོད་དུ་གཞིས་ལུས་རྒྱ་ཆེའི་མི་མང་དང་ང་ཚོ་བཙན་བྱོལ་ལ་ཡོད་པའི་བོད་མི་ཚང་མས་བོད་མི་རིགས་ཀྱི་མི་གོ་ཆོད་པ་ཞིག་ཆགས་ཡོད།
འདི་ནི་ཁྱེད་རང་ཚོའི་སེམས་ལ་སྤོབས་པ་དང་སྤྲོ་བ་སྐྱེས་དགོས་རྒྱུ་ཞིག་ཆགས་ཡོད། ཁྱེད་རང་ཚོ་ཚང་མ་བོད་པ་ཞིག་ཡིན་པའི་ཆ་ནས་སྤོབས་པ་སྐྱེས་དགོས། ང་ཚོའི་ལུང་པ་ནི་ཤོར་སོང་། ང་ཚོའི་ལུང་པའི་ནང་དཀའ་ངལ་མང་པོ་ཞིག་འཕྲད་བཞིན་འདུག ད་ང་ཚོ་བྱུང་མ་སོང་བསམས་ནས་སེམས་ཀྱི་ངར་ཤུགས་ཤི་བ་ལྟ་བུ་བྱེད་རྒྱུ་མེད་ལ་བྱེད་དགོས་དོན་ཡང་མེད། ང་ཚོས་མ་འོངས་པར་བོད་མི་རིགས་ཀྱི་རིག་གཞུང་དང་བཅས་པ་ཡར་རྒྱས་གཏོང་རྒྱུའི་ཆ་རྐྱེན་གཙོ་བོ་དེ་ནང་ཆོས་ཀྱི་ཤེས་ཚད་ཡོད་དགོས། དེ་དང་འབྲེལ་བའི་སོ་སོའི་མི་རིགས་ཀྱི་རིག་གཞུང་སློབ་སྦྱོང་དེ་དག་ཡོད་དགོས། དེའི་གཞི་རྩ་ལྟ་བུ་ནི་བོད་ཡིག་ཤེས་དགོས་ཀྱི་ཡོད།
ཁྱེད་རང་ཚོ་མི་རབས་གསར་པ་ན་གཞོན་ཚོས་བོད་ཡིག་གལ་ཆེར་རྩིས་ཏེ་ཡིན་ཅིག་དོ་སྣང་བྱེད་དགོས། བོད་པ་ཡིན་རྗེས་བོད་ཡིག་དང་བོད་སྐད་མ་ཤེས་ན་ཧ་ཅང་ཐབས་སྐྱོ་པོ་རེད། སོ་སོ་སྒེར་གྱི་ངོས་ནས་བཤད་ན་ངོ་ཚ་པོ་རེད། སྤྱིའི་ཐོག་ནས་བཤད་ན་བོད་པའི་བོད་ཡིག་དང་བོད་སྐད་མ་ཤེས་ན་དེ་རྩིས་འཐུས་ཤོར་འགྲོ་གི་ཡོད། ཁྱིམ་ཚང་གཅིག་གི་ཕ་མ་གཉིས་ཀྱིས་བོད་ཡིག་མ་ཤེས་ན་དེའི་ཕྲུ་གུ་ཚོ་ཡང་རིམ་པས་བོད་ཡིག་ལ་དོ་སྣང་མེད་པ་ཞིག་ཆགས་འགྲོ་གི་ཡོད། འདས་པའི་ལོ་ངོ་ ༥༥ ལྷག་ཙམ་རིང་ང་ཚོ་ཚང་མས་སེམས་ཤུགས་མ་ཆགས་པར་བསྡད་པ་རེད། འགྱུར་བ་མང་པོ་ཞིག་འགྲོ་བཞིན་ཡོད། ཁྱེད་རང་ཚོ་ཚང་མ་སེམས་ཤུགས་མ་ཆགས་པར་བོད་སྤྱི་པའི་སེམས་ཤུགས་སྐྱེད་ནས་ཧུར་ཐག་བྱོས། སོ་སོའི་ལས་ཀ་བྱེད་ས་དེར་བོད་སྤྱི་པའི་དོན་དག་འདི་ཡིན་ཞེས་བཏོན་རྒྱུ་མེད་ནའང་། སོ་སོའི་ལས་ཀ་བྱེད་ས་དེར་དྲང་པོ་དང་སེམས་པ་རྣམ་དག ཡ་རབས། སེམས་པ་བཟང་པོ་བྱེད་དགོས། ང་རང་ཚོ་བོད་པ་ནང་ཁུལ་གཅིག་གི་གཅིག་ལ་རོགས་པ་དང་འཆམ་པོ་བྱེད་དགོས། ཁྱེད་རང་ཚོའི་ལས་ཀ་བྱེད་སར་མི་རིགས་འདྲ་མིན་དང་ཡུལ་པའི་མི་ཡོད་པ་རྣམས་ལ་གུས་ཞབས་བྱེད་དགོས། སྲོག་ཆགས་ཆུང་ཆུང་ཞིག་ཡིན་ནའང་དེའི་སྲོག་ལ་འཛེམས་རྒྱུ་དང་སྐྱག་རྫུན་ཤོད་རྒྱུ་མེད། དེ་ལྟར་བྱས་ན་བོད་པའི་ཞབས་འདེགས་སྒྲུབ་ཀྱི་ཡོད། ཅེས་དང་།
དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དོལ་རྒྱལ་དང་འབྲེལ་བའི་སྐོར་བཀའ་སློབ་ཕེབས་དོན། ཁ་སེང་ནོར་ཝེ་རུ་དོལ་རྒྱལ་རྗེས་འབྲང་པ་ཚོ་ཧ་ཅང་ངར་པོ་བྱས་ཏེ་བསླེབས་འདུག ངར་སྐྱག་རྫུན་མ་ཤོད། ཅེས་ཟེར་གྱི་འདུག ངོས་ནས་སྐྱག་རྫུན་ཤོད་ཀྱི་མེད། དངོས་གནས་བྱས་ན་ཁོ་ཚོས་སྐྱག་རྫུན་བཤད་པ་མ་གཏོགས་ངོས་ཀྱི་སྐྱག་རྫུན་བཤད་མེད། གང་ལྟར་ལོ་རྒྱུས་རིང་པོ་ཡོད་པའི་རྙོག་གྲ་ཞིག་རེད། དང་པོ་དེར་དོལ་རྒྱལ་བསྟེན་ན་སྐྱོན་ཡོད་པ་དེ་ངོས་རང་གི་ལོ་རྒྱུས་དང་འབྲེལ་ནས་ཤོད་རྒྱུ་འདི་ངོས་ཀྱི་ལས་འགན་རེད། བཤད་ནས་ཉན་མ་ཉན་སོ་སོའི་བསམ་བློ་གཏོང་རྒྱུ་རེད་མ་གཏོགས་ངོས་ཀྱིས་བཤད་པ་དེ་ཉན་དགོས་རེད་ཅེས་བརྗོད་ཀྱི་མེད། དེར་བརྟེན་དོལ་རྒྱལ་སྐོར་གྱི་རྒྱབ་ལྗོངས་འདི་ལྟར་རེད། དོལ་རྒྱལ་བསྟེན་ན་སྐྱོན་འདུག་མ་གཏོགས་དོལ་རྒྱལ་བསྟེན་ཆོག་གི་མ་རེད་ཅེས་བརྗོད་ཐུབ་ཀྱི་མ་རེད། བར་སྐབས་ནས་དགེ་ལྡན་གྱི་ལྷན་ཚོགས་ཀྱི་ཐོག་ནས་དོལ་རྒྱལ་སྐོར་ཉམས་ཞིབ་ཞིབ་ཕྲ་བྱས་རྗེས་དཔེ་དེབ་གཅིག་བཏོན་ཡོད། རིམ་པས་དེབ་འདི་དབྱིན་ཡིག་ཐོག་བསྒྱུར་ཐུབ་ན་གསལ་པོ་ཆགས་ཀྱི་རེད། ཁྱེད་རང་ཚོར་དོལ་རྒྱལ་སྐོར་རོབ་ཙམ་འགྲེལ་བཤད་བརྒྱབ་ན་བསམས་བྱུང་། འདི་ཤེས་པ་བྱོས། དེ་ནས་ངོས་རང་ལོ་ལྟར་འཆར་ཅན་སྨན་བཅོས་བརྟག་དཔྱད་བྱེད་ཀྱི་ཡོད། ངོས་རང་གཟུགས་པོ་ཧ་ཅང་བདེ་པོ་ཡིན། ཁྱེད་རང་ཚོ་ཚང་མ་བློ་བདེ་པོ་བྱོས། བཀྲ་ཤིས་བདེ་ལེགས། ཞེས་བཀའ་སློབ་སྩལ་ཡོད།
དེ་རྗེས་ནེ་དར་ལེན་ཌི་ཁུལ་དུ་ཡོད་པའི་བོད་མི་ཡོངས་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་མི་ཡོངས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ཏེ་ལོ་ངོ་ ༢༥ འཁོར་བའི་སྐལ་བཟང་གི་དུས་ཚིགས་དང་བསྟུན། མགོན་པོ་གང་ཉིད་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་འདུག ཕྱི་ཚེས་ ༡༡ ཉིན་སྔ་དྲོར་་༸གོང་ས་མཆོག་གིས་གསར་ལས་ཁང་ཁག་གཅིག་གི་བཅའ་འདྲིར་བཀའ་ལན་སྩལ་ཡོད། དེ་རྗེས་ཨ་ཧོ་ཡེ་Ahoy Stadium རྩེད་འགྲན་ཁང་ནས་མང་ཚོགས་ཁྱོན་མི་གྲངས་ ༡༡༠༠༠ བརྒལ་བར་ལམ་གཙོ་རྣམ་གསུམ་གྱི་ཆོས་འབྲེལ་དང་། ཕྱེད་ཡོལ་ཆོས་དང་མ་འབྲེལ་བའི་ཡ་རབས་བཟང་སྤྱོད་སྐོར་བཀའ་སློབ་བཀའ་དྲིན་སྩལ་འདུག