༢༠༡༤ ཟླ་ ༥ ཚེས་ ༡༩ རེས་གཟའ་ཟླ་བ།
༄༅། །འདི་གར་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གིས་གོ་སྒྲིག་འོག་ལྡི་ལིར་རྒྱ་གར་གྱི་འཛིན་སྐྱོང་སྦྱོང་བརྡར་བསྟི་གནས་ཁང་། (Indian Institute of Public Administration, New Delhi) དུ་ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༢༡ ནས་ཟླ ༥ ཚེས་ ༢ བར་བདུན་ཕྲག་གཉིས་རིང་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་དང་རྩིས་ཞིབ་ཡན་ལག་ཁག་གི་སྲི་ཞུ་བ་གྲངས་ ༣༦ ཐོག་ལྷན་ཁང་ཁག་གསུམ་གྱི་རྩིས་པ་རེ་དང་། བོད་ཀྱི་སྨན་རྩིས་ཁང་གི་རྩིས་པ་བཅས་ཁྱོན་མི་གྲངས་ ༤༠ ལ་རྩིས་ཞིབ་བྱ་ཕྱོགས་དང་འབྲེལ་བའི་ཁྲལ་འབབ་རྩིས་ཞིབ་དང་གྲུབ་འབྲས་རྩིས་ཞིབ། ཚོང་འབྲེལ་རྩིས་ཞིབ། རྩིས་ཞིབ་པའི་བཟང་སྤྱོད་དམ་ཀུན་སློང་། རྩིས་ཞིབ་གཅིག་གྱུར་བྱ་རིམ་སོགས་ཀྱི་ཟབ་སྦྱོང་དང་། དེ་བཞིན་གནས་ཡུལ་རྒྱལ་ཁབ་ཀྱི་འབབ་ཁྲལ་ཁྲིམས་སྒྲིག དབུས་དང་མངའ་གཞུང་གི་ཚོང་ཁྲལ། ཕྱི་དངུལ་ལེན་བེད་ཀྱི་ཁྲིམས་སྒྲིག་གཞི་རྩའི་རྩིས་ཀྱི་ལྟ་གྲུབ་དང་སྤྱི་སྲོལ། རྒྱ་གར་གྱི་རྩ་ཁྲིམས་ནང་རྒྱ་གར་གྱི་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་དབང་ཚད་དང་འོས་འགན། རྩིས་ཁྲ་བརྫུན་སྒྲིག་བྱ་ཚུལ། (Accounting Scam) དང་འབྲེལ་བའི་ཟབ་ཁྲིད་སྤྱི་དང་། ལྷག་པར་རྒྱ་གར་གྱི་དཔལ་འབྱོར་ལམ་ལུགས་བཅས་ཀྱི་ཐོག་ཉམས་མྱོང་དང་མཁས་དབང་ཁག་གཅིག་ནས་སློབ་སྟོན་ཟབ་འཁྲིད་ལེགས་པར་གྲུབ་སྟེ་ཟབ་སྦྱོང་དུ་ཞུགས་མཁན་རྣམས་ཀྱི་ཤེས་ཚད་དང་ཉམས་མྱོང་གོང་འཕེལ་ཐོག་སོ་སོའི་ལས་དོན་ཞུ་ཕྱོགས་ཐོག་ལ་ཕན་ནུས་ལྡན་པ་ཞིག་ཡོང་ཐུབ་པའི་ཡིད་ཆེས་ཞུ་བཞིན་ཡོད།
དེ་རྗེས་སུ་ ༢༠༡༤།༥།༥ ནས་ ༢༠༡༤།༥།༡༦ བར་ཉིན་གྲངས་ ༡༡ རིང་རྡ་ས་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་དབུས་དང་ཡན་ལག་གསུམ་གྱི་ལས་བྱེད་ཡོངས་ལ་བོད་མིའི་སྒྲིག་འཛུགས་རྩིས་ཞིབ་ལས་ཁང་གི་རྩིས་ཞིབ་ལམ་སྟོན་མ་དེབ་ (Audit Manual) དང་། བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་དང་དངུལ་རྩིས་སྟངས་འཛིན་གྱི་སྒྲིག་གཞི་གཙོས་སྒྲིག་གཞི་ཁག་ཅིག འཛིན་སྐྱོང་བཀོད་ཁྱབ་ཁག་གོ་རྟོགས། རྩིས་ཞིབ་སྙན་ཐོ་འགོད་ཕྱོགས། རྒྱ་གར་གཞུང་གི་འབབ་ཁྲལ་དང་། ཕྱི་རྒྱལ་རོགས་དངུལ་ལེན་བེད། (FCRA 2010) ཨར་པོའི་ལས་གཞི་རྩིས་ཞིབ། རྩིས་ཞིབ་ཀྱི་ཐུན་མོང་མ་ཡིན་པའི་ཐབས་ཚུལ་དང་ཐབས་ལམ་ (Audit Tecniques and Tools) བཅས་ཀྱི་ཐོག་ཟབ་སྦྱོང་གོ་སྒྲིག་ཞུས་པ་དང་། དཔལ་ལྡན་བཀའ་ཤག་གི་ལྟ་གྲུབ་གཞིར་བཟུང་བརྗོད་གཞི་དེ་དག་ཐོག་ཟབ་འཁྲིད་གནང་མཁན་རྩིས་ཞིབ་ལས་ཁང་གི་རྩིས་ཞིབ་སྤྱི་ཁྱབ་འགན་འཛིན་མཆོག་གིས་དབུས་རྩིས་ཞིབ་ལས་བྱེད་རྒན་གྲས་ཤེས་མྱོང་ལྡན་པ་ཤ་བསྟག་ཡིན།
དེ་བཞིན་ ༢༠༡༤།༥།༡༥ ཉིན་ཆེས་མཐོའི་མི་སྣ་ཁག་གདན་ཞུས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་དབུས་དང་། ལྷོ་ཕྱོགས་རྩིས་ཞིབ་ཡན་ལག བལ་ཡུལ་རྩིས་ཞིབ་ཡན་ལག བདེ་སྐྱིད་གླིང་རྩིས་ཞིབ་ཡན་ལག་བཅས་ཀྱི་ལས་བྱེད་རྣམས་ལ་ནང་ཆོས་དང། འཛིན་སྐྱོང་། ཆབ་སྲིད་བཅས་གོ་རྟོགས་གོང་འཕེལ་ལ་དམིགས་ཏེ་རྡ་ས་རིགས་ལམ་སློབ་གཉེར་ཁང་གི་དགེ་རྒན་དགེ་བཤེས་བློ་བཟང་ཟླ་བ་ལགས་ཀྱིས་ནང་ཆོས་རྨང་གཞིའི་ངོ་སྤྲོད་དང་། སྲི་ཞུ་བའི་ལས་དོན་བསྒྲུབ་ཕྱོགས་ལ་ནང་ཆོས་ནས་བསམ་བློ་འཁྱེར་ཕྱོགས་དང་། མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ལྔ་པའི་ཚོགས་མི་སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་ཀྱིས་རྩིས་ཞིབ་སྙན་ཐོ་འགོད་ཕྱོགས་དང་འབྲེལ་བའི་སྐྱོན་གནད་དང་། དེ་དག་ལེགས་སྤེལ་ཉེན་འགོག་ཞུ་ཕྱོགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ནས་བོད་རྒྱའི་དཀའ་ངལ་སེལ་ཐབས་དང་། རྒྱལ་སྤྱིའི་ཐོག་ད་ལྟའི་བོད་ཀྱི་གནས་བབ།
སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་རྒྱ་ནག་ནང་གི་འགྱུར་འགྲོས་དང་བསྟུན་བོད་ཀྱི་གནད་དོན་ཐོག་ཕན་གནོད་ཇི་ཆགས་བཅས་ཀྱི་བརྗོད་གཞིའི་ཐོག་ལམ་སྟོན་གསུང་བཤད་དང་བགྲོ་གླེང་ཟབ་རྒྱས་གནང་སྟེ་ལས་བྱེད་རྣམས་སེམས་ཤུགས་གོང་འཕེལ་དང་། ཉིན་རེའི་ལས་དོན་ཞུ་ཕྱོགས་དང་འབྲེལ་བསམ་བློ་འཁྱེར་ཕྱོགས་ཐོག་ལ་ཕན་རླབས་ཆེན་པོ་བྱུང་ཡོད། དེ་དང་སྟབས་བསྟུན་ ༢༠༡༤།༥།༡༤ ཉིན་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་དང། རྩིས་ཞིབ་ཡན་ལག་ཁག་གི་འཛིན་སྐྱོང་ཚོགས་འདུ་བསྐོང་ཚོགས་གནང་སྟེ་དབུས་དང་ཡན་ལག་ཁག་དབར་འཛིན་སྐྱོང་ཚགས་ཚུད་དང་འབྲེལ་བའི་ལས་དོན་ཞུ་ཕྱོགས་སྤྱི་དང། ལྷག་པར་བོད་མིའི་སྒྲིག་འཛུགས་དང་འབྲེལ་བའི་སྤྱི་སྨན་དགོངས་འཆར་བཅས་ཐོག་གོ་བསྡུར་ལྷུག་པོ་གནང་སྟེ་གྲོས་ཆོད་དོན་ཚན་ ༥ ཅན་བཞག་སྟེ་ཐེངས་འདིའི་ཟབ་སྦྱོང་དང་། འཛིན་སྐྱོང་གི་ཚོགས་འདུ་ལེགས་གྲུབ་བྱུང་ཡོད།།