༢༠༡༤ ཟླ་ ༥ ཚེས་ ༡༣ རེས་གཟའ་མིག་དམར།
༄༅། །འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། དབུས་བོད་མིའི་སྒྲིག་འཛུགས་ཤེས་རིག་དྲུང་ཆེ་སྟོབས་རྒྱལ་ཚེ་རིང་ལགས་ཀྱིས་ར་སྦང་ལ་ཁུལ་གྱི་འཚམས་གཟིགས་ལེགས་གྲུབ་བྱུང་ཡོད། དེ་ཡང་ཕྱི་ཟླ་ ༥ ཚེས་ ༡༢ སྔ་དྲོ་ཆུ་ཚོད་ ༩ ཐོག་ར་སྦང་ལ་ཉིན་སློབ་ཀྱི་དགེ་ཆེ་ཨེཅ་སི་གུཔྟཱ་ལགས་ནས་ཕེབས་བསུ་དང་འབྲེལ། སློབ་མ་རྣམས་ནས་སྔ་དྲོའི་འདུ་འཛོམས་ཀྱི་བྱེད་སྒོ་ཁག་སྤྱན་འབུལ་ཞུས་མཚམས། སློབ་ཕྲུག་ཁག་ཅིག་ནས་ཡིད་དུ་འོང་བའི་རིག་གཞུང་འཁྲབ་སྟོན་ཁག་གཉིས་སྤྱན་འབུལ་ཞུས། དེ་རྗེས་སློབ་གྲྭའི་དགེ་ཆེ་ཨེཅ་སི་གུཔྟཱ་ལགས་ནས་ཕེབས་བསུའི་གསུང་བཤད་དང་འབྲེལ་སློབ་གྲྭའི་ལས་བསྡོམས་སྙིང་བསྡུས་སྒྲོགས་སྦྱང་ཞུས་པ་དང་། དེ་ནས་ཤེས་རིག་དྲུང་ཆེས་དགེ་ལས་སློབ་ཕྲུག་རྣམས་ལ་འཚམས་འདྲི་དང་སྦྲགས། སློབ་གརྭ་དེའི་སློབ་མ་བཀྲ་ཤིས་སྒྲོལ་མར་མངའ་སྡེའི་ནང་རི་མོ་འགྲན་བསྡུར་བྱས་པར་ཨང་རིམ་སོན་པར་བསྔགས་བརྗོད་གནང་ཞིང་། སློབ་ཕྲུག་སུ་འདྲ་ཞིག་ཡིན་རུང་མི་རེར་དམིགས་ཡུལ་ངེས་ཅན་ཞིག་ཡོད་པས་དམིགས་ཡུལ་དེ་ལེགས་འགྲུབ་ཡོང་བར་རང་ཉིད་ནས་ས་བོན་ཕུན་སུམ་ཚོགས་པ་ཞིག་འདེབས་ཐུབ་པ་བྱ་དགོས་པ་དང་། སློབ་གྲྭ་འདི་ཉིད་ཉིན་སློབ་ཅིག་ཡིན་སྟབས་སློབ་གྲྭའི་དགེ་ལས་ནས་ཤེས་ཡོན་སློབ་གསོ་སྤྲོད་པ་མ་ཟད། སྔ་དགོང་རང་ཁྱིམ་གྱི་ཕ་མ་རྒན་རབས་རྣམས་ནས་ཀྱང་བོད་ཀྱི་ཐུན་མིན་རིག་གཞུང་དང་གོམས་གཤིས་བཟང་པོའི་སློབ་གསོ་སྤྲད་ནས་མ་འོངས་པར་བོད་མིའི་སྤྱི་ཚོགས་ནང་ཞབས་ཞུ་བསྒྲུབ་མཁན་རྣམ་དག་ཅིག་ཆགས་ཐུབ་པ་བྱ་རྒྱུ་གལ་ཆེན་པོ་ཡིན་པ་དང་། དེ་ཉིན་སྔ་དྲོའི་འདུ་འཛོམས་སྐབས་སློབ་ཕྲུག་ཁག་གཅིག་གིས་རིག་པ་ལས་བརྩོན་འགྲུས་གལ་ཆེ་བའི་གླུ་གཞས་དབྱངས་སུ་གྱེར་བ་ལྟར། གནའ་སྔ་མོ་རི་བོང་དང་རུས་སྦལ་གཉིས་བང་རྩལ་འགྲན་པའི་དཔེ་མཚོན་དང་སྦྲགས་སློབ་ཕྲུག་རྣམས་ནས་ཤེས་ཡོན་ཐོག་བརྩོན་འགྲུས་བསྐྱེད་དགོས་པ་མ་ཟད། དགེ་ལས་དང་ཕ་མའི་ཞལ་ལ་ཉན་པོ་བྱ་དགོས་པ་བཅས་ཀྱི་བཀའ་སློབ་གནང་།
དེ་རྗེས་ར་སྦང་ལ་ཉིན་སློབ་ཀྱི་དགེ་ཆེ་ནས་ཤེས་རིག་དྲུང་ཆེ་སྟོབས་རྒྱལ་ཚེ་རིང་ལགས་དང་། ཤེས་རིག་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས། ར་སྦང་ལ་ས་གནས་འགོ་འཛིན་བློ་བཟང་དོན་གྲུབ་ལགས་བཅས་སློབ་གྲྭའི་སྡེ་ཚན་ཁག་དང་འཛིན་གྲྭ་རེ་རེར་གཟིགས་ཞིབ་སླད་ཕེབས་བསུ་ཞུས། ཤེས་རིག་དྲུང་ཆེ་མཆོག་ནས་དགེ་རྒན་གྱི་སློབ་ཁྲིད་གཟིགས་ཞིབ་གནང་སྐབས་སློབ་ཕྲུག་རྣམས་ནས་ཀྱང་མཉམ་ཞུགས་གང་ལེགས་གནང་གི་ཡོད་པ་དང་། སློབ་གྲྭའི་སྡེ་ཚན་ཁག་གི་གནས་སྟངས་གང་ལེགས་ཡོད་པའི་གཟིགས་སྣང་བྱུང་ཡོད་པ་མ་ཟད། སྔོན་འགྲོའི་དགེ་རྒན་དང་སློབ་ཕྲུག་རྣམས་ལ་ཐུག་ཕྲད་དང་འཚམས་འདྲི་ཡང་གནང་ཡོད། དེ་ནས་སྡེ་ཚན་ཁག་ཚང་མར་འཚམས་གཟིགས་གྲུབ་མཚམས་དགེ་ལས་རྣམས་ལ་སྡེ་ཚན་གཟིགས་ཞིབ་སྐབས་གཟིགས་སྣང་ཇི་བྱུང་འགྲེལ་བརྗོད་དང་འབྲེལ། མ་འོངས་པར་ཡང་མུ་མཐུད་ཇི་སྲིད་སློབ་གྲྭ་འདི་གནས་པ་དེ་སྲིད་དུ་སློབ་ཕྲུག་གི་ཤེས་ཡོན་ཐོག་འཐུས་ཤོར་མེད་པ་ཞིག་གནང་རོགས་ཞེས་གསུངས་པ་དང་། དེ་མིན་དགེ་ལས་ཁག་གཅིག་གིས་སློབ་གྲྭ་རྩིས་ལེན་དང་འབྲེལ་བའི་དཀའ་ངལ་དོགས་འདྲི་གནང་བར། ཤེས་རིག་དྲུང་ཆེས་གསལ་བཤད་དང་འབྲེལ་དཀའ་ངལ་ངེས་པར་དུ་སེལ་ཐུབ་ངེས་རིགས་ལ་སླད་མར་བསམ་གཞིགས་གནང་རྒྱུ་ཡིན་པ་བཅས་ཀྱི་སྐོར་གསུངས་ཏེ་ར་སྦང་ལ་ཉིན་སློབ་ཀྱི་འཚམས་གཟིགས་ལེགས་གྲུབ་བྱུང་ཡོད།
དེ་ནས་ཉིན་དགུང་ཞལ་ལག་གྲུབ་མཚམས་ར་སྦང་ལ་ཀུན་ཕན་གླིང་གི་གཞིས་དགོན་ཐུབ་བསྟན་དར་རྒྱས་གླིང་དང་། གླེ་ལུང་དགོན། དཔལ་ཆེན་ཆོས་འཁོར་གླིང་བཅས་ལ་འཚམས་གཟིགས་གནང་བ་དང་། དེ་རྗེས་ཉིན་རྒྱབ་ཆུ་ཚོད་ ༢ ཐོག་ར་སྦང་ལ་ཀུན་ཕན་གླིང་ཉིན་སློབ་ཀྱི་ཕྲུ་གུའི་ཕ་མ་དང་མི་མང་བཅས་ལ་གསུང་བཤད་གནང་དོན། དེང་སང་འཛམ་གླིང་སྤྱི་ཡོངས་ལ་ཤེས་ཡོན་གལ་ཆེན་པོ་ཆགས་ཡོད་པ་མཁྱེན་གསལ་ལྟར། སྔ་མོ་བོད་ནང་སྲོལ་རྒྱུན་གྱི་ཤེས་ཡོན་ཐོག་འཐུས་ཤོར་ཕྱིན་མེད་ཀྱང་དེང་རབས་ཤེས་ཡོན་ཐོག་ཕྲན་བུ་རྗེས་ལུས་ཐེབས་ཏེ་ཕྱིའི་རྒྱལ་ཁབ་ཁག་དང་འབྲེལ་ལམ་དེ་ཙམ་ཡག་པོ་མ་བྱུང་བ་རེད། བོད་མི་ཚོ་རྒྱ་གར་ནང་བྲོས་བྱོལ་དུ་སླེབས་རྗེས་༸གོང་ས་མཆོག་གིས་ཆེས་ཐོག་མར་ཤེས་ཡོན་གལ་ཆེར་བརྩིས་གནང་མཛད་དེ་སློབ་གྲྭ་ཁག་གསར་བཙུགས་མཛད་ཡོད། ང་ཚོས་༸གོང་ས་མཆོག་གི་བཀའ་དགོངས་ལྟར་མ་འོངས་བོད་ཀྱི་སོན་རྩ་རྣམས་ལ་སྲོལ་རྒྱུན་ཤེས་ཡོན་དང་དེང་རབས་ཤེས་ཡོན་གྱི་འདབ་གཤོག་གཉིས་ལྡན་ཞིག་བཟོ་ཐབས་གནང་གལ་ཆེ་བ་ཡིན། དེ་ལྟར་ཡོང་བར་ང་ཚོས་ངེས་པར་དུ་སློབ་ཕྲུག་རྣམས་ལ་དགེ་རྒན་དང་ཕ་མ་གཉིས་ཀའི་ངོས་ནས་དུས་རྟག་ཏུ་སྲོལ་རྒྱུན་གྱི་སློབ་གསོ་ཆད་མེད་གནང་དགོས་པ་ཡིན། ང་ཚོ་ཕྱི་ལ་འགྲོ་སྐབས་ས་གནས་ཡུལ་མིར་ཡུལ་སྐད་མ་བརྒྱབ་ཀ་མེད་ཡིན་ཡང་། ནང་དུ་ངེས་པར་མི་ཕན་ཚུན་བོད་སྐད་གཙང་མ་བསྐྱོན་རྒྱུ་གལ་ཆེན་པོ་ཡིན། ཕྲུ་གུའི་ཕ་མ་རྣམས་ནས་རང་ཉིད་ཀྱི་ཕྲུ་གུ་བོད་པའི་སློབ་གྲྭར་བཏང་ན་ཁེ་གྱོང་ཇི་ཡོད་རྒྱུ་མཚན་གསལ་རྟོགས་ཀྱི་ཐོག་ནས་ཕན་ཚུན་གོ་རྟོགས་སྤེལ་རེས་གནང་དགོས་ཞེས་གསུང་བཤད་གྲུབ་བསྟུན། ར་སྦང་ལ་མི་མང་ནས་ཤེས་རིག་དྲུང་ཆེར་སློབ་གྲྭའི་གནས་སྟངས་སྤྱི་དང་། ཤེས་རིག་ལས་ཁུངས་ཀྱི་སློབ་ཡོན་སྐོར། དེ་མིན་ཤེས་ཡོན་དང་འབྲེལ་བའི་གནད་དོན་གཞན་སྐོར་སོགས་དོགས་འདྲི་གནང་བར་ཤེས་རིག་དྲུང་ཆེ་སྟོབས་རྒྱལ་ཚེ་རིང་ལགས་ནས་ལན་འདེབས་གསལ་བཤད་གནང་སྟེ་ཕྲུ་གུའི་ཕ་མ་དང་མི་མང་གི་ཚོགས་འདུ་ལེགས་གྲུབ་བྱུང་ཡོད།།