༢༠༡༤ ཟླ་ ༥ ཚེས་ ༢༠ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༢༠ ཉིན་རྡ་ས་མེག་གྷན་ཀ་ལཔ་ཧ་འུ་སི་ (Club House) ནང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག་མཐོ་རིམ་སློབ་གཉེར་བ་རྣམས་ལ་དེང་གི་ན་གཞོན་དང་མ་འོངས་འགོ་འཁྲིད་ཅེས་པའི་ཟབ་སྦྱོང་ཐེངས་ ༡༣ འགོ་འཛུགས་གནང་སོང་། དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢།༣༠ ཐོག་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་ངེས་སྟོན་པ་བོད་མི་མང་སྤྱི་འཐུས་ཆོས་སྐྱོང་དབང་ཕྱུག་ལགས། ལས་འཆར་འགན་འཛིན་བོད་མི་མང་སྤྱི་འཐུས་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས། འབྲེལ་ལས་བསམ་འཕེལ་རྡོ་རྗེ་ལགས། རྒྱ་གར་གྲོང་ཁྱེར་ས་གནས་ཁག་བཅུ་ནས་བོ
ད་མི་སློབ་ཕྲུག་བཅས་ཁྱོན་མི་གྲངས་ ༦༠ ཙམ་ལྷན་འཛོམས་ཐོག་ལས་འཆར་འགན་འཛིན་སྤྱི་འཐུས་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས་ཕེབས་བསུའི་འཚམས་འདྲི་དང་འབྲེལ་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གི་ལོ་རྒྱུས་སྙིང་བསྡུས་ངོ་སྤྲོད་གནང་། དེ་ནས་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་ངེས་སྟོན་པ་སྤྱི་འཐུས་ཆོས་སྐྱོང་དབང་ཕྱུག་ལགས་ཀྱིས་ལས་ཁང་གི་ལས་དོན་དང་ཟབ་སྦྱོང་གི་ངོ་སྤྲོད་གནང་གྲུབ་མཚམས་སྐུ་མགྲོན་གཙོ་བོ་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་དབུ་འབྱེད་ལམ་སྟོན་གསུང་བཤད་གནང་དོན། བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གིས་ཟབ་སྦྱོང་འདིའི་འགོ་བརྗོད་ནི་དེང་གི་ན་གཞོན་དང་མ་འོངས་འགོ་ཁྲིད་ཅེས་བཀོད་ཡོད། འགོ་གང་ཁྲིད་དགོས་ཡོད་མེད་དེ་བསམ་བློ་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་རེད་བསམས་ཀྱི་འདུག བོད་ཅེས་པའི་ཡིག་འབྲུ་གཉིས་ཀྱི་ནང་ཚུད་པའི་བོད་ཅེས་པ་དེ་འགོ་ཁྲིད་དགོས་ཀྱི་ཡོད། བོད་ནི་ལྷོ་ཤར་ཨེ་ཤི་ཡའི་ནང་གི་ས་ཆ་འབུར་དུ་འཐོན་མཁན། ཁོར་ཡུག་གཙང་མ། མཚོ་དང་མཚེའུ། བྲག ནགས་ཚལ་སོགས་རང་བྱུང་གི་གཏེར་ཁ་མང་པོ་ཡོད། དེང་སང་འཛམ་གླིང་གི་ཡུལ་གྲུ་མང་པོའི་ཡིད་དབང་འཕྲོག་པའི་གནས་ཤིག་ཆགས་ཡོད། དེང་སྐབས་བོད་ལ་འཛམ་གླིང་གི་སྣེ་གསུམ་པར་གྲགས་བཞིན་ཡོད། ལྷོ་ཤར་ཨེ་ཤི་ཡའི་ནང་ཡོད་པའི་མི་མང་འབུམ་མང་པོ་བོད་ནས་བྱུང་བའི་རྒྱུག་ཆུ་ཁག་ལ་བརྟེན་ནས་འཚོ་བཞིན་ཡོད། དེར་བརྟེན་བོད་ཀྱི་རང་བྱུང་ཁོར་ཡུག་གི་བདག་དབང་ང་ཚོ་བོད་ལ་ཡོད། དེའི་གནས་སྟངས་དེ་ང་ཚོས་བསམ་བློ་འཁོར་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། བོད་ཅེས་པ་དེ་སྤྱི་ཡོངས་ཀྱི་མིང་ཞིག་རེད། ང་ཚོ་བོད་མི་ དེ་གྲངས་ཀའི་ཐོག་ནས་མང་པོ་མེད། ཡོངས་གྲགས་སུ་བོད་མི་ས་ཡ་དྲུག་ཅེས་བཤད་ཀྱི་ཡོད། བོད་མི་ས་ཡ་དྲུག་གི་འཚོ་བརྟེན་བྱེད་ས་དེ་བོད་ཅེས་པའི་ཁོར་ཡུག་ནང་གནས་ཡོད། དེ་རྒྱུན་གནས་ཐུབ་རྒྱུའི་ཐབས་ཤེས་གང་ཡོད་མེད་ཀྱི་ཐོག་བསམ་བློ་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དཔེར་ན། སྔོན་ཆོས་རྒྱལ་ལོ་པཎ་སོགས་ཀྱི་སྐབས་སུའང་ཁྱིམ་མཚེས་རྒྱལ་ཁབ་གཞན་སུ་ཞིག་ལའང་བརྟེན་མ་དགོས་པར་སྤྱི་ཡོངས་ཀྱི་རང་བྱུང་གི་ཐོན་སྐྱེད་ཐོག་གནས་ཐུབ་པ་ཞིག་ཆགས་ཡོད། བོད་མིའི་ཁམས་དང་མཐུན་པའི་སྒོ་ནས་ནང་ཆོས་ཞེས་པ་དེ་རྒྱ་གར་འཕགས་པའི་ཡུལ་ནས་གདན་འདྲེན་ཞུས་པ་རེད། དེ་བཞིན་ང་ཚོའི་ཐུན་མིན་བོད་ཀྱི་སྐད་ཡིག་དར་ཁྱབ་བྱེད་རྒྱུའི་ཐོག་འབད་བརྩོན་གང་གནང་དགོས་མིན་བསམ་བློ་གཏོང་དགོས། ད་ལྟའི་དུས་ཚོད་ལྟ་བུ་མཚོན་ན་བོད་ཟེར་བ་དེའི་སྐད་ཡིག་དང། རིག་གཞུང་། གོམས་གཤིས་སོགས་འཛམ་གླིང་དང་ཨེ་ཤི་ཡའི་ནང་འབུར་དུ་ཐོན་ཏེ་བོད་གནས་ཡོད་པ་དེར་རྣམ་པ་ཚོས་བསམ་བློ་གཏོང་དགོས། འོན་ཀྱང་དུས་རབས་ ༢༠ གཡས་གཡོན་ལ་བོད་ནང་ཆབ་སྲིད་ཀྱི་འཕོ་འགྱུར་ཤུགས་ཆེན་པོ་ཞིག་བྱུང་ཡོད། རྣམ་པ་ཚོས་ཤེས་གསལ་རེད། རྒྱ་མི་གུང་ཁྲན་གྱིས་བོད་ལ་བཙན་འཛུལ་འགོ་བཙུགས་ཀྱིས་བོད་ཤར་ཕྱོགས་ནས་རིམ་བཞིན་བོད་ས་ཡོངས་རྫོགས་བཙན་འཕྲོག་བྱས་ཏེ་ད་ལྟ་བར་གནས་ཡོད། དེའི་སྐབས་ང་ཚོའི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག གོམས་གཤིས་སྤྱི་དང་ལྷག་པར་ཁོར་ཡུག་གི་ཐོག་འཐུས་ཤོར་ཇི་ཙམ་ཕྱིན་ཡོད་མེད་བསམ་བློ་གཏོང་དགོས། བོད་ནང་ཡོད་པའི་བོད་མི་ཚོས་དམྱལ་བ་མི་ཡུལ་དུ་མྱོང་བ་ལྟར་དཀའ་སྡུག་མྱོང་བཞིན་ཡོད་ནའང་དཀའ་སྡུག་མྱོང་སྐབས་དེ་སེལ་བའི་ཐབས་ལམ་བཟང་ཕྱོགས་ནས་སྟོན་རྒྱུ་དང་གདོང་ལེན་བྱེད་རྒྱུའི་རྣམ་པ་ཤུགས་ཆེན་པོ་རེད། དཔེར་ན། ཕྱི་ལོ་ ༢༠༠༩ ནས་བོད་ནང་རང་ལུས་མེར་སྲེག་གཏོང་མཁན་ ༡༣༠ བྱུང་ཡོད། དེའི་ནང་ནས་མང་ཆེ་བ་འདས་གྲོངས་སུ་གྱུར་ཡོད། འོན་ཀྱང་རང་ལུས་མེར་སྲེག་གཏོང་མཁན་གྱི་གང་ཟག་ལྟ་བུ་ལ་མཚོན་ན། དེང་སང་གི་མཚོན་ཆ་འདྲ་མིན་བེད་སྤྱོད་བཏང་ནས་མི་བརྒྱ་ཉིས་བརྒྱ་མེད་པར་བཟོ་ཐུབ་ཀྱི་ཡོད་ནའང་དེ་ལྟ་བུའི་བསམ་བློ་སྤངས་ནས་རང་ཉིད་བློ་གཏོང་གིས་མི་རིགས་ཀྱི་སྡུག་བསྔལ་སེལ་ཐབས་གནང་ཡོད་པར་བརྟེན། བཟང་ཕྱོགས་ནས་གདོང་ལེན་བྱེད་རྒྱུའི་བསམ་བློ་ཤུགས་ཆེན་པོ་ཡོད་པའི་གོ་བ་བླང་ན་མི་ཆོག་པ་མེད། བོད་ནང་ཡོད་པའི་བོད་མི་མང་ཆེ་བས་མི་རིགས་དང་། སོ་སོ་སྒེར་གྱི་འཚོ་བའི་ཐོག་དགོངས་པ་བཞེས་ཕྱོགས་ཐད། བོད་མི་རིགས་ཀྱི་ཆེད་དུས་ཚོད་བརྒྱ་ཆ་ ༦༠ དང་། སོ་སོ་སྒེར་གྱི་འཚོ་བའི་ཐོག་བརྒྱ་ཆ་ ༤༠ གཏོང་གི་འདུག་དྲན་གྱི་ཡོད། བཙན་བྱོལ་སྤྱི་ཚོགས་ནང་མཚོན་པ་ཡིན་ནའང་སོ་སོའི་མི་ཚེ་དང་ཉིན་རེའི་དུས་ཚོད་ཡིན་ན་འདྲ་བརྒྱ་ཆ་ ༦༠ དེ་བོད་མི་རིགས་ཀྱི་ཆེད་དུ་གཏོང་ཐུབ་དགོས་པ་དང་། བརྒྱ་ ༤༠ སོ་སོའི་ལྟོ་གོས་ཐོག་གཏོང་དགོས་པའི་དགོངས་པ་བཞེས་དགོས། ཐིག་པ་བསག་པའི་རྒྱ་མཚོ་ཟེར་བའི་དཔེ་ལྟར། ང་ཚོའི་མི་རིགས་ཀྱི་དཀའ་སྡུག་དེ་འདི་ལྟ་བུའི་བརྒྱ་ཆ་བགོས་ན། རིམ་པས་གསལ་ཐུབ་པའི་དུས་ཚོད་ཏན་ཏན་ཤར་གྱི་རེད་བསམ་གྱི་འདུག
བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གིས་ལས་འཆར་འདི་རིགས་ཧ་ཅང་གལ་ཆེན་པོ་བརྩིས་ཀྱི་ཡོད། མ་འོངས་པར་ འགོ་ཁྲིད་ཐོན་དགོས་ཀྱི་ཡོད་པ་མ་ཟད། འགོ་ཁྲིད་དེས་བོད་དང་བོད་མི་བདག་པོ་རྒྱག་ཐུབ་དགོས། ད་ལྟ་ང་ཚོ་ཉག་ཕྲ་བའི་དུས་ཚོད་བསླེབས་ཡོད། གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་གཅིག་རེད། ཉིན་ཞིག་རྒྱུག་ཟེར་ན་འགྲོ་དགོས་པ་ཆགས་ཀྱི་ཡོད། ད་བར་མགོན་པོ་གང་ཉིད་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བཀའ་ཤག་དང་། སྤྱི་འཐུས་ལྷན་ཚོགས་ཁྲིམས་ལུགས་དབང་འཛིན་བཅས་རང་བཞིན་གནས་ཡོད། ༸སྐྱབས་མགོན་རིན་པོ་ཆེའི་ཐུགས་རྗེ་རླབས་ཆེན་དང་། བོད་མི་མང་གི་བསམ་བློའི་རང་བཞིན་ལ་བརྟེན་ནས་ཕྱི་ལོ་ ༡༩༦༠ ནང་སྤྱི་འཐུས་ལྷན་ཚོགས་དབུ་བརྙེས། ཕྱི་ལོ་ ༡༩༩༡ ལོར་སྤྱི་འཐུས་ཀྱི་གྲངས་ཚད་སྤར་ནས་ཁྲིམས་བཟོ་ལྷན་ཚོགས་ཀྱི་ངོ་བོའི་བྱས་ཏེ་ཁྲིམས་ལུགས་གཏན་འབེབས་བྱེད་ཀྱི་ཡོད། ཕྱི་ལོ་ ༢༠༠༡ ནས་བཟུང་༸གོང་ས་མཆོག་གིས་བཀའ་བློན་ཁྲི་པ་དེ་མི་མང་གིས་ཐད་ཀར་འོས་འདེམས་བྱས་རྒྱུའི་ངོ་བོར་བསྒྱུར་མཛད་གནང་ཡོད། ཕྱི་ལོ་ ༢༠༡༡ ནས་བཟུང་༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་སྲིད་སྐྱོང་ལ་གསོལ་རས་སྩལ་ཏེ་བོད་མི་རིགས་རང་གི་འགོ་ཁྲིད་པའི་ཐོག་འགྲོ་བཞིན་ཡོད། ཉེ་ཆར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཇར་མན་དུ་གནས་སྡོད་བོད་རིགས་ཚོར་ང་ཚོས་འཇོན་ན་ང་ཚོའི་འགྲོ་སྟངས་ཧ་ཅང་བརྟན་པོ་ཆགས་ཡོད། ཅེས་བཀའ་སློབ་ཕེབས་ཡོད། ང་ཚོས་འཇོན་ན་ཧ་ཅང་ཡག་པོ་ཆགས་ཡོད། ང་ཚོས་མ་མཇོན་ནས་འཐུས་ཤོར་ཕྱིན་པ་ཡིན་ན་ཉིན་ ཞིག་ནག་ཁུང་ཆགས་རྒྱུའི་ཉེན་ཁ་ཡོད་པར་བརྟེན་ཚང་མས་དགོངས་པ་བཞེས་རྒྱུ་གལ་ཆེན་པོ་རེད། སྲིད་སྐྱོང་དང་གྲོགས་ཚོགས་ཀྱི་འཐུས་མི་རྣམས་ལོ་ལྔ་རེའི་མཚམས་སུ་འོས་བསྡུའི་ལམ་ནས་འདེམས་བསྐོ་བྱེད་ཀྱི་ཡོད། དེར་བརྟེན་རིམ་པས་རྣམ་པ་ཚོ་ཡར་ཕེབས་དགོས་སྟབས། དགོངས་པ་ཆེ་བཞེས་ཀྱིས་སྤྱི་ཡོངས་ཐོག་སྣེ་འཁྲིད་ཐུབ་པ་དང་། སོ་སོའི་ཆོས་དང་རིག་གཞུང་། སྐད་ཡིག གོམས་གཤིས་སོགས་འཛིན་ཐུབ་དགོས་པ་གལ་ཆེན་པོ་རེད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད། ད་ཐེངས་ཉིན་དགུའི་རིང་གི་ཟབ་སྦྱོང་འདིར་བོད་མིའི་སྒྲིག་འཛུགས་ཀྱི་ཆེད་མཁས་མི་སྣ་གདན་ཞུས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་སྒྲོམ་གཞི་དང་ཚོགས་པ་ཁག་་ངོ་སྤྲོད། མང་གཙོའི་ཀ་བ་གསུམ་གྱི་སྤྱི་ཚོགས་ལ་དགེ་ཕན་ཇི་བྱུང་དང་གདོང་ལེན་བྱེད་དགོས་པ་ཇི་ཡོད། དབུ་མའི་ལམ་གྱི་སྲིད་བྱུས་ངོ་སྤྲོད། མང་གཙོའི་ནང་རང་དབང་ཅན་གྱི་སྡེ་ཚན་དགོས་གལ་དང་ཕན་རླབས་ཇི་ཡོད། བོད་མིའི་སྒྲིག་འཛུགས་ནང་ལས་བྱེད་འཛུལ་ཞུགས་གནང་ཕྱོགས། མ་འོངས་པར་བོད་ཀྱི་རྩ་དོན་སླད་སོ་སོའི་ཤེས་ནུས་ཀྱི་འགན་ཁུར་བཞེས་ཕྱོགས་ལམ་སྟོན། བོད་དང་རྒྱལ་སྤྱིའི་ཁོར་ཡུག་གནས་སྟངས་ངོ་སྤྲོད། ཕྱི་ནང་གསར་འགྱུར་ཐོག་བོད་དོན་དྲིལ་བསྒྲགས་གནང་སྟངས། ཆོས་བརྒྱུད་ཁག་གི་བྱུང་རབས་སོགས་བརྗོད་གཞི་འདྲ་མིན་ཐད་རྒྱ་གར་ས་གནས་ཁག་བཅུའི་ནང་མཐོ་སློབ་འགྲིམ་བཞིན་པའི་སློབ་ཕྲུག་གྲངས་ ༥༣ རྣམས་ལ་ངོ་སྤྲོད་གནང་རྒྱུ་ཡིན་འདུག་པ་བཅས།