༢༠༡༤ ཟླ་ ༥ ཚེས་ ༢ རེས་གཟའ་པ་སངས།
༄༅། །ཕྱི་ཟླ་ ༥ ཚེས་ ༣ ཉིན་རྒྱལ་སྤྱིའི་གསར་འགོད་རང་དབང་ཉིན་མོ་ World Press Freedom Day འཁེལ་བཞིན་ཡོད་པ་དང་སྟབས་བསྟུན། རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ Reporters Without Borders ཀྱིས་འཇིགས་མེད་རྒྱ་མཚོའམ་མགོ་ལོག་འཇིགས་མེད་ལགས་སུ་དཔའ་བོའི་གཟེངས་རྟགས་འབུལ་རྒྱུའི་གསལ་བསྒྲགས་སྤེལ་འདུག དེ་ཡང་མགོ་ལོག་འཇིགས་མེད་ལགས་ཀྱིས་དོན་གྲུབ་དབང་ཆེན་ལགས་ཀྱིས། འཇིགས་བྲལ། ‘Leaving Fear Behind’ ཞེས་པ་རྒྱ་ནག་གཞུང་གིས་དམ་བསྒྲགས་ཅན་གྱི་སྲིད་བྱུས་འོག་བོད་མི་རྣམས་ལ་དཀའ་སྡུག་ཇི་འདྲ་འཕྲད་བཞིན་པའི་སྐོར་དངོས་བྱུང་གློག་བརྙན་བཟོ་སྐྲུན་བྱེད་སྐབས་མཐུན་འགྱུར་རོགས་རམ་བྱས་པའི་ཉེས་མིང་འོག་སྲོག་ཁྲིམས་ཕོག་ནས་ད་ལྟ་བཙོན་དུ་ཡོད། སྤྱིར་ཐེངས་འདིར་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་གསར་འགྱུར་གྱི་ལས་དོན་ཐོག་འཇིགས་ཞུམ་མེད་པར་གནས་ཚུལ་གསལ་སྟོན་གནང་མཁན་མི་སྣ་བརྒྱ་ལ་དཔའ་བོའི་གཟེངས་རྟགས་འབུལ་རྒྱུ་ཡིན་པའི་ཁོངས་ནས་གཅིག་མགོ་ལོག་འཇིགས་མེད་ལགས་ཡིན་འདུག
དོན་གྲུབ་དབང་ཆེན་ལགས་སུ་རོགས་པ་བྱས་པའི་ཉེས་འཛུགས་འོག་རྒྱ་ནག་གཞུང་གིས་མགོ་ལོག་འཇིགས་མེད་ལགས་ཕྱི་ལོ་ ༢༠༠༨ ལོར་ཐོག་མར་འཛིན་བཟུང་བྱས་ཏེ་ཟླ་བ་བདུན་རིང་བཙོན་འཇུག་གིས་ཁྲིམས་ཐག་བཅད་ནས་ཉེས་རྡུང་ཚད་མེད་བཏང་རྗེས་ཕྱི་ལོ་ ༢༠༠༨ ཟླ་ ༡༠ ནང་གློད་བཀྲོལ་བཏང་ཡོད། འོན་ཀྱང་ཕྱི་ལོ་ ༢༠༡༢ ལོར་རྒྱ་ནག་གཞུང་གིས་མགོ་ལོག་འཇིགས་མེད་ལགས་ཀྱིས་མི་བསད་པའི་ཉེས་མིང་འོག་ཕྱི་ལོ་ ༢༠༡༢ ཟླ་ ༩ ནང་སླར་ཡང་འཛིན་བཟུང་བྱས་རྗེས་ད་བར་ཁོང་གི་གནས་སྟངས་ཇི་ཡིན་གསལ་རྟོགས་གང་ཡང་ཐུབ་མེད།
དེ་ཡང་ཐེངས་འདིར་ཞུམ་པ་མེད་པའི་སྙིང་སྟོབས་ཀྱིས་དངོས་ཤུགས་བརྒྱུད་ནས་གསར་འགྱུར་གྱི་ལས་དོན་སྤེལ་མཁན་མི་གྲངས་ ༡༠༠ ལ་དཔའ་བོའི་གཟེངས་རྟགས་ཐོབ་མཁན་ཁོངས་སུ་ཀེམ་བྷོ་ཌི་ཡའི་ Cambodiaཨོ་དུམ་ཏ་ཊི་ Oudom Tat ལགས་དང་། མེཀ་སི་ཁོ་ Mexico ནས་ཨ་ན་བྷེལ་ཧར་ནན་ཌེ་ཛི་ Anabel Hernandez ལགས། དེ་བཞིན་པ་ཀི་སི་ཐན་ Pakistan བརྙན་འཕྲིན་གསར་འགོད་པ་སྐུ་ཞབས་ཧ་མི་དི་མིར་ Hamid Mirལགས་སོགས་ཡིན་འདུག དེ་ཡང་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ཁི་རི་སི་ཊོ་པར་ཌི་ལོ་རེ་ Christophe Deloire ལགས་ཀྱིས་ཐེངས་འདིའི་དཔའ་བོའི་གཟེངས་རྟགས་འབུལ་རྒྱུ་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་སྤེལ་དོན། དཔའ་བོ་བརྒྱ་ཐམ་པའི་མིང་གཞུང་དེ་དག་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་ཕྱོགས་སྒྲིག་བྱས་པ་ཞིག་ཡིན། ཁོང་རྣམ་པས་དུས་རྟག་ཏུ་རང་ཉིད་ཀྱི་ཚེ་སྲོག་ལ་ཉེན་ཁ་ཡོད་བཞིན་དུ་མ་འཛེམས་པར་དཔའ་མཛངས་ཆེན་པོས་དངོས་ཡོད་གནས་ཚུལ་རྣམས་གསར་འགྱུར་བརྒྱུད་ལམ་འདྲ་མིན་དང་དྲ་རྒྱ་སོགས་ཀྱི་ནང་གནས་ཚུལ་ཕྱིར་གྲགས་ཡོང་ཆེད་བྱས་རྗེས་བཞག་པ་དེར་ངོས་འཛིན་ཞུ་ཆེད་གཟེངས་རྟགས་འབུལ་རྒྱུ་རེད། ཁོང་རྣམ་པའི་ལས་དོན་དེ་དག་སྤེལ་བར་བརྟེན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་བསྒྲགས་གཏམ་གྱི་དོན་ཚན་ ༡༩ ནང་གསལ་ལྟར་དངོས་ཡོད་གནས་ཚུལ་ཤེས་རྟོགས་དང་ཁྱབ་སྤེལ་བྱ་རྒྱུའི་རང་དབང་དེ་དག་གོང་སྤེལ་དང་སྲུང་སྐྱོབ་བྱེད་ཐུབ་པ་ཡོང་བཞིན་ཡོད། རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་འདི་ནི་རྒྱལ་སྤྱིའི་གསར་འགོད་ལས་དོན་ལ་རྟོག་ཞིབ་བྱེད་མཁན་ཞིག་ཡིན། ཞེས་གསུངས་ཡོད།