༢༠༡༤ ཟླ་ ༥ ཚེས་ ༡༦ རེས་གཟའ་པ་སངས།
༄༅། །རྒྱ་གར་གྲོས་ཚོགས་འོག་མའི་རྒྱལ་ཡོངས་འོས་བསྡུ་ཐེངས་ ༡༦ སྐབས་འདིར་བྷཱ་ར་ཏི་ཡཱ་ཇན་ཏ་ཚོགས་པར་ (Bharatya Janta Party) ཚད་མཐོའི་རྒྱལ་ཁ་ཐོབ་པར་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་བྷཱ་ར་ཏི་ཡཱ་ཇན་ཏ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ན་རེནྡྲ་མོ་དི་མཆོག་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུས་ཡོད། དེ་ཡང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་འཚམས་འདྲིའི་ནང་འཁོད་དོན།
ངས་གོ་སྐབས་འདི་བཟུང་ནས་རྒྱ་གར་གཅིག་སྒྲིལ་ཡར་རྒྱས་མནའ་འབྲེལ་ཚོགས་པས་ (United Progressive Alliance) ལས་རྒྱུན་གཉིས་རིང་གཞུང་འཛིན་གནང་སྐབས་བོད་མི་ཚོར་ཆོད་སེམས་འགྱུར་མེད་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཆབས་གཅིག བྷཱ་ར་ཏི་ཡཱ་ཇན་ཏ་ཚོགས་པས་དབུ་ཁྲིད་པའི་རྒྱལ་ཡོངས་མང་གཙོ་མནའ་འབྲེལ་ཚོགས་པའི་ (National Democratic Alliance) སྲིད་གཞུང་གསར་པར་འཚམས་འདྲི་ཞུ་རྒྱུ་ཡིན།
ཐེངས་འདིར་རྒྱ་གར་གྲོས་ཚོགས་འོག་མའི་རྒྱལ་ཡོངས་འོས་བསྡུའི་སྐབས་རྒྱ་གར་ཡུལ་མི་ཚོས་དོན་གཉེར་ཧ་ཅང་ཆེན་པོས་རང་གི་མང་གཙོའི་ཁེ་དབང་ལོངས་སུ་སྤྱད་པར་བརྟེན་དེ་སྔ་བྱུང་མྱོང་མེད་པའི་འོས་ཤོག་འཕེན་མཁན་གྱི་གྲངས་འབོར་བརྒྱ་ཆ་ ༦༦.༤ ཟིན་ཡོད། རྒྱ་གར་ནི་མི་རིགས་དང་རིག་གཞུང་། ཆོས་ལུགས་འདྲ་མིན་སོགས་ཆིག་སྒྲིལ་ངང་གནས་རྒྱུའི་ལྟ་གྲུབ་ལ་གཞི་བཅོལ་བའི་འཛམ་གླིང་གི་མང་གཙོ་ཚད་མཐོ་ཤོས་ཡོད་པའི་རྒྱལ་ཁབ་གཅིག་ཡིན་པ་མ་ཟད། མུ་མཐུད་ཡར་རྒྱས་ཀྱི་ཕྱོགས་སུ་གོམ་པ་མདུན་སྤོས་བྱེད་བཞིན་པའི་རྒྱལ་ཁབ་ཞིག་ཡིན། ཞེས་གསུངས་འདུག