༢༠༡༤ ཟླ་ ༥ ཚེས་ ༡ རེས་གཟའ་ཕུར་བུ།
༄༅། །ཡུ་རོབ་རྒྱལ་ཁབ་ཕ་རན་སིའི་རྒྱལ་སའི་ནང་འཚོགས་ལ་ཉེ་བའི་བོད་ཀྱི་དུས་སྟོན་ལས་རིམ་ཞིག་གི་ཐོག་ཕ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཨན་ངྷར་གྷ་ངྷི་ལགས་ཆེད་ཕེབས་ཀྱིས་མཉམ་ཞུགས་གནང་རྒྱུ་ཡིན་འདུག དེ་ཡང་ཕ་རན་སིར་རྟེན་གཞི་བྱས་པའི་ཕ་རིན་སི་བོད་རིགས་ཚོགས་པས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་ནང་འཁོད་དོན། ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༣ ནས་ ༤ བར་ཉིན་གྲངས་གཉིས་རིང་ཕ་རན་སིའི་རྒྱལ་སའི་གྲོང་ཚོ་བཅུ་གཉིས་པའི་གངས་སེང་སྐྱེད་མོལ་ཚལ་དུ་བོད་ཀྱི་དུས་སྟོན་འཚོགས་རྒྱུ་ཡིན་པ་དང། དུས་སྟོན་དེ་བཞིན་དེང་སྐབས་བོད་ཀྱི་གནས་སྟངས་ཛ་དྲག་ཡིན་པའི་སྐབས་འདིར་རང་ཉིད་བོད་མི་ཞིག་ཡིན་པའི་འདུ་ཤེས་མ་བརླག་པའི་ཐོག་རང་གི་རིག་གཞུང་རང་ཉིད་ཀྱིས་རྒྱུན་འཛིན་བྱས་ཏེ་སོ་སོ་གནས་ཡུལ་གྱི་རྒྱལ་ཁབ་ནང་བོད་མིའི་ལོ་རྒྱུས་དང་རིག་གཞུང་རྣམ་ངོ་སྤྲོད་ཡོང་ཆེད་ཡིན། ཞེ་སོགས་འཁོད་འདུག
ཐེངས་འདིའི་དུས་སྟོན་དེ་བཞིན་བོད་རིགས་ཚོགས་པའི་ཚོགས་གཙོ་ཐུབ་བསྟན་རྒྱ་མཚོ་ལགས་ཀྱིས་གཙོ་སྐྱོང་འོག་དུས་སྟོན་ཐོག་ཆེད་དུ་མགྲོན་འབོད་གནང་བའི་ཕ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཨན་ངྷར་གྷ་ངྷི་ལགས་དང་། ཕ་རན་སིའི་ནང་གནས་སྡོད་བོད་རིག་པའི་ལྕམ་སྐུ་ཁ་ངྷི་བཱ་ཕི་ཡ་གྷ་ངྷི་ལགས། དེ་བཞིན་ཡུ་རོབ་སྤྱི་འཐུས་དགེ་བཤེས་ཐུབ་བསྟན་དབང་ཆེན་ལགས་བཅས་ཀྱིས་བོད་རྒྱའི་དབར་གྱི་གནད་དོན་ཐག་གཅོད་བྱུང་ན། སྤྱིར་རྒྱལ་སྤྱི་དང་ཡང་སྒོས་ས་གནས་སོ་སོར་ཁེ་ཕན་གང་དང་གང་ཡོང་རྒྱུ་ཡིན་མིན་ཐོག་གོ་བསྡུར་གྱི་ལས་རིམ་ཞིག་ཀྱང་འཚོགས་རྒྱུ་ཡིན་འདུག དུས་སྟོན་དེར་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་ཕྱོགས་དང་འབྲེལ་བའི་རིག་གཞུང་ངོ་སྤྲོད་དང་། ཕྱོགས་མཚུངས་བོད་དོན་དང་འབྲེལ་བའི་དངོས་བྱུང་གློག་བརྙན་ཁག་བདུན་ཙམ་དེར་འདུས་མི་དམངས་རྣམས་ལ་སྟོན་རྒྱུ་ཡིན་འདུག་པ་བཅས། །