༢༠༡༤ ཟླ་ ༥ ཚེས་ ༦ རེས་གཟའ་མིག་དམར།
༄༅། །སྐབས་ ༡༥ པའི་བོད་མི་མང་ཡུ་རོབ་སྤྱི་འཐུས་ཆུང་བདག་ཀོ་རིན་ལགས་ཀྱིས་ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༧ ཉིན་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག ཚོགས་དྲུང་སྟོབས་རྒྱལ་ལགས་བཅས་ལ་སྙན་ཞུ་ཕུལ་ཏེ། ཁོང་རང་ཉིད་བར་ལམ་གཟུགས་གཞི་བདེ་པོ་མེད་པ་དང་སྨན་པའི་ལམ་སྟོན་ལྟར་ལས་དོན་ཆེ་རིགས་མཚམས་འཇོག་གིས་སྨན་བཅོས་གནང་འཆར་ཆེད་སྤྱི་འཐུས་ནས་རྩ་དགོངས་ཞུས་ཡོད། དེར་བརྟེན་བཀྲས་མཐོང་བསྟན་འཛིན་དབང་པོ་ལགས་ཡུ་རོབ་སྤྱི་འཐུས་ཀྱི་སྒུག་ཐོ་དང་པོ་ཡིན་སྟབས། ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གི་མདུན་ནས་སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་ཁང་ཆེན་མོའི་ནང་ཡུ་རོབ་སྤྱི་འཐུས་ཀྱི་ལས་ཁུར་དམ་འབུལ་ཞུས་ཡོད།
དེ་ཡང་གོང་ཚེས་ཉིན་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ་གྲོས་ཚོགས་རྭ་བར་ལྷན་འཛོམས་ཀྱི་ཐོག་མར་ཚོགས་གཙོ་མཆོག་གིས་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་དྲུང་དུ་གུས་ཕྱག་དང་མཇལ་དར་སྒྲོན་འབུལ་ཞུས་ཡོད་པ་དང་དེ་རྗེས་བཀྲས་མཐོང་བསྟན་འཛིན་དབང་པོ་ལགས་ཀྱིས་ཀྱང་དེ་མཚུངས་ཞུས་གྲུབ་མཚམས་སྤྱི་འཐུས་ཚོགས་གཙོའི་མདུན་ནས་ལས་ཁུར་དམ་འབུལ་ཞུས་ཡོད། དེ་རྗེས་སྤྱི་འཐུས་ཚོགས་གཙོ་མཆོག་དང་སྤྱི་འཐུས་རྒྱུན་ལས་རྣམ་པ། དེ་བཞིན་ཚོགས་དྲུང་སོགས་ནས་སྤྱི་འཐུས་བཀྲས་མཐོང་བསྟན་འཛིན་དབང་པོ་ལགས་ཀྱིས་སྤྱི་འཐུས་ཀྱི་ལས་ཁུར་དམ་འབུལ་ཞུས་པར་རྟེན་འབྲེལ་མཚོན་ཆེད་དཀར་གཙང་མཇལ་དར་རིམ་བཞིན་བསྒྲོན་གྲུབ་མཚམས་གསོལ་ཇ་དང་འབྲས་སིལ་ཕུལ་ཏེ་རྟེན་འབྲེལ་མཛད་སྒོ་སྟབས་བདེ་དེ་བཞིན་གྲོལ་ཡོད།
དེ་ནས་སྤྱི་འཐུས་བཀྲས་མཐོང་བསྟན་འཛིན་དབང་པོ་ལགས་ཀྱིས་གསར་འགོད་པའི་དྲི་བར་ལན་འདེབས་ཀྱང་གནང་ཡོད། སྤྱི་འཐུས་བཀྲས་མཐོང་བསྟན་འཛིན་དབང་པོ་ལགས་སུ། ཕྱི་ལོ་ ༡༩༩༧ ཟླ་ ༦ ནང་ཛུ་རིག་མཐོ་སློབ་ནས་སློབ་དཔོན་གྱི་ལག་ཁྱེར་ཐོབ་ཡོད་པ་དང་། ཕྱི་ལོ་ ༡༩༩༥ ནས་ ༡༩༩༦ བར་ཛུ་རིག་མཐོ་སློབ་ཀྱི་སློབ་དཔོན་ཆེན་མོ་ཡོག་ཕི་ཤིའི་འོག་བཙན་བྱོལ་བོད་མིའི་ཐད་ཉམས་ཞིབ་ཀྱི་རྩོམ་བྲིས་ནས་རི་ཀོན་བོད་ཁང་གིས་དཔར་སྐྲུན་ཞུས། ཕྱི་ལོ་ ༡༩༨༥ ནས་ ༡༩༩༧ བར་སྤྱིར་བཏང་རྒྱལ་རབས་དང་། རྩ་ཁྲིམས། དཔལ་འབྱོར། སྤྱི་ཚོགས་རྒྱལ་རབས་བཅས་ཀྱི་ཐོག་སློབ་གཉེར་གནང་། ཕྱི་ལོ་ ༡༩༩༤ ལོར་རྡ་སར་བོད་ཀྱི་སྐད་ཡིག་ཐོག་སློབ་གཉེར་གནང་ཡོད་འདུག་པ་མ་ཟད། ཡུ་རོབ་གཞོན་ནུ་ཚོགས་པ་དང་། སུད་བོད་མཐུན་ཚོགས་གཉིས་ཀྱི་ཚོགས་གཙོ་དང་། བོད་དོན་ཚོགས་པ་ཁག་གི་ཚོགས་མི་སོགས་གནང་ཡོད་འདུག