༢༠༡༤ ཟླ་ ༥ ཚེས་ ༣༠ རེས་གཟའ་པ་སངས།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༡༨ ནས་ ༡༩ བར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་གནད་ཡོད་མི་སྣ་ཁག་གཅིག་དང་ལྷན་མཇལ་འཕྲད་གནང་ཡོད། སྐབས་དེར་བཀའ་བློན་མཆོག་གིས་བོད་མིའི་སྒྲིག་འཛུགས་དང་ལོ་མང་རིང་ནས་འབྲེལ་བ་ཡོད་པའི་ཨར་ཨེ་སི་ཨེ་སི་ཆབ་སྲིད་ཚོགས་པའི་(RSS)འགོ་ཁྲིད་རྒན་པ་སྐུ་ཞབས་བྷ་ཡི་ཡ་ཇི་ཇོ་ཤི་ Mr. Bhaiyaji Joshi ལགས་དང་སྐུ་ཞབས་ཨིན་དེ་རི་ཤི་ཀུ་མཱར་ Indresh Kumar ལགས་དང་ལྷན་མཇལ་འཕྲད་གནང་ཡོད། སྐབས་དེར་ཁོང་རྣམ་པས་བོད་དོན་ཐོག་མུ་མཐུད་ལང་ཕྱོགས་བརྟན་པོ་བཟུང་རྒྱུའི་ཁས་ལེན་ཡང་གནང་ཡོད་འདུག
དེ་བཞིན་བཀའ་བློན་མཆོག་གིས་རྒྱ་གར་གྱི་བྷི་ཇེ་པི་ཆབ་སྲིད་ཚོགས་པའི་དྲུང་ཆེ་རྒན་གྲས་ཇེ་པི་ན་ཌ་ Mr. J.P Nadda ལགས་མཇལ་འཕྲད་གནང་སྐབས་ཁོང་གིས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་གུས་བརྩི་ཧ་ཅང་ཞུ་བཞིན་ཡོད་པ་མ་ཟད། རྒྱ་གར་ནང་ཡོད་པའི་བོད་མི་སྐྱབས་བཅོལ་བ་རྣམས་ལ་རྒྱབ་སྐྱོར་དང་མཐུན་འགྱུར་རོགས་རམ་མུ་མཐུད་གནང་རྒྱུའི་ཁས་ལེན་ཡང་གནང་འདུག