༢༠༡༤ ཟླ་ ༥ ཚེས་ ༢༢ རེས་གཟའ་ཕུར་བུ།
༄༅། །དབྱིན་ཇིའི་གཞུང་དང་རྒྱ་ནག་གཞུང་དབར་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མོལ་ཐོག་དབྱིན་གཞུང་ནས་བོད་ནང་གི་བོད་མིའི་གནས་སྟངས་ལ་རྒྱབ་སྐྱོར་གྱིས་རྒྱ་ནག་གཞུང་དང་ལྷན་བོད་དོན་གླེང་སློང་གནང་དགོས་པ་མ་ཟད། དམིགས་བསལ་རྒྱ་ནག་གཞུང་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་སྤྱི་དམངས་ལ་དམ་བསྒྲགས་བྱེད་བཞིན་ཡོད་པ་རྣམས་མཚམས་འཇོག་བྱེད་དགོས་པའི་འབོད་སྐུལ་ཞུས་འདུག
དེ་ཡང་ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༢༠ དང་ ༢༡ ཉིན་གྲངས་གཉིས་རིང་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་དབྱིན་ཇི་དང་རྒྱ་ནག་ཕྱོགས་གཉིས་དབར་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མོལ་ལྷན་ཚོགས་འཚོགས་བཞིན་ཡོད་པ་དང་སྟབས་བསྟུན། དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་དབྱིན་ཇི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་ནང་འཁོད་དོན། དབྱིན་ཇིའི་གཞུང་ཕྱོགས་ནས་ཐེངས་འདིའི་གྲོས་མོལ་ཐོག་བོད་ནང་གི་བོད་མིའི་ཛ་དྲག་གནས་སྟངས་ལ་རྒྱབ་སྐྱོར་དང་སྦྲགས་རྒྱ་ནག་གཞུང་ནས་བོད་ནང་དམ་བསྒྲགས་ཤུགས་ཆེ་བྱས་དང་བྱེད་མུས་ཡིན་པ་དེ་བཞིན་མཚམས་འཇོག་བྱེད་དགོས་པའི་བརྡ་ལན་སྤྲོད་དགོས་པ་མ་ཟད། བོད་ནང་གི་བོད་མིའི་དཀའ་ངལ་རྣམས་ཞི་བའི་ལམ་ནས་སེལ་ཐབས་བྱེད་དགོས་པའི་རེ་འདུན་འདོན་རོགས་ཞུ་བཞིན་ཡོད། དབྱིན་གཞུང་གི་ཕྱི་སྲིད་བློན་ཆེན་ཝེ་ལེམ་ཧཀ་མཆོག་གིས་དེ་སྔ་དབྱིན་ཇིའི་གཞུང་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་འགན་ལེན་བྱེད་རྒྱུར་རྒྱ་གཞུང་ལ་ཞེད་སྣང་བྱེད་དགོས་དོན་མེད་སྐོར་གསུངས་ཡོད་པར་བརྟེན། དབྱིན་གཞུང་ནས་ལྟ་ཕྱོགས་དེར་ལག་ལེན་དོན་འཁྱོལ་བྱེད་རྒྱུའི་དུས་ལ་བབ་ཡོད། ཅེས་སོགས་ཀྱི་འཁོད་འདུག
ལྷག་པར་གནད་དོན་དེའི་སྐོར་དབྱིན་ཇིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྤྱི་ཁྱབ་གཙོ་འཛིན་མཆོག་གིས་གསུང་དོན། ང་ཚོ་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་རྒྱ་ནག་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་བྱེད་མཁན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གཅིག་མཉམ་རུབ་ཀྱིས་ཐེངས་འདིའི་གྲོས་མོལ་དུ་རང་དབང་བཅོས་བསྒྱུར་གྱི་བསམ་ཚུལ་ཁག་གཅིག་ཕུལ་ཡོད། སྙན་ཞུ་དེའི་ནང་དབྱིན་གཞུང་ནས་རྒྱ་ནག་དང་བོད་གཉིས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་ཕྱོགས་ལ་ནུས་པ་ལྡན་པའི་འབྲེལ་ལམ་གྱི་སྐུ་ཚབ་ཅིག་ཏུ་འགྱུར་ཐུབ་པ་བྱེད་རྒྱུའི་འབོད་སྐུལ་ཞུས་ཡོད་པ་མ་ཟད། ང་ཚོའི་ངོས་ནས་ཐེངས་འདིའི་ལྷན་ཚོགས་ཐོག་བོད་ནང་གི་ཛ་དྲག་གནད་དོན་དང་འབྲེལ་བའི་དོན་ཚན་ཁག་གཅིག་རྒྱ་ནག་གཞུང་གི་སྐུ་ཚབ་དང་ལྷན་ཐད་ཀར་གླེང་སློང་བྱེད་དགོས་པའི་རེ་འདུན་བཏོན་ཡོད། ཅེས་གསུངས་འདུག