༢༠༡༤ ཟླ་ ༤ ཚེས་ ༢༣ རེས་གཟའ་ལྷག་པ།
༄༅། །འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། རྒྱ་གར་དང་ཕྱི་རྒྱལ་མཐོ་སློབ་ཁག་ཏུ་ཚན་རིག་སློབ་སྦྱོང་གནང་བཞིན་པའི་བོད་པའི་སློབ་ཕྲུག་རྣམས་ལ་ཟླ་བ་གཅིག་རིང་རྒྱ་གར་དུ་བོད་པའི་སློབ་གྲྭའི་ནང་ཚན་རིག་སློབ་ཁྲིད་བྱ་རྒྱུའི་གོ་སྐབས་འབུལ་རྒྱུ་ཡིན། དེ་ཡང་ལས་གཞི་འདིའི་ ‘Summer Science Teaching Program 2014 ‘ དམིགས་ཡུལ་གཙོ་བོ་ནི་མཐོ་སློབ་སློབ་མ་རྣམས་ཀྱིས་སློབ་མཐར་རྗེས་འབྲེལ་ཡོད་སློབ་ཚན་ཐོག་མུ་མཐུད་སློབ་སྦྱོང་གནང་ཐུབ་པ་བྱ་རྒྱུ་དང་། དྭངས་བླངས་སྤྱི་ཚོགས་ཞབས་ཞུའི་ཆེད་གོ་སྐབས་འབུལ་རྒྱུ། བོད་པའི་སློབ་ཕྲུག་རྣམས་ལ་མིག་དཔེ་ལམ་སྟོན་བྱེད་ཐུབ་པ་བཅས་ཡིན། འདི་ལོའི་དབྱར་ཀའི་ཚན་རིག་སློབ་ཁྲིད་ལས་འཆར་འདི་ནི་ཕྱི་ཟླ་ ༦ ཚེས་ ༢༥ ཉིན་ནས་དབུ་འཛུགས་བྱེད་རྒྱུ་ཡིན།
- དེ་ཡང་དྭང་བླངས་སློབ་ཁྲིད་པ་རྣམས་རྒྱ་གར་ས་གནས་གང་ཞིག་ནས་ཕེབས་ཀྱང་ལམ་གྲོན་རྣམས་ཤེས་རིག་ལས་ཁུངས་ནས་གནང་རྒྱུ་དང་།
- དྭང་བླངས་སློབ་ཁྲིད་པ་རྣམས་མེ་འཁོར་ཉལ་ཁྲི་གསུམ་བརྩེགས་ AC 3 Tier ཅན་དང་སྤྱི་སྤྱོད་རླངས་འཁོར་ལེགས་གྲས་ཀྱི་ལམ་གྲོན་ deluxe bus fare འབུལ་རྒྱུ་ཡིན། ཐུགས་སྣང་དགོས་རྒྱུ། ༼ གོང་གསལ་འགྲོ་གྲོན་ཁག་རྩིས་འཕེར་ཡོང་སླད་ཁང་གླ་དང་མེ་འཁོར་སྣུམ་འཁོར་སོགས་ཀྱི་འཛིན་བྱང་ངོ་མ་ཆབས་འབུལ་ཞུ་དགོས།༽
- ལམ་བར་ཉིན་རེར་ལྟོ་དོད་ཧིན་སྒོར་ ༢༥༠ འབུལ་རྒྱུ་དང་།
- དྭང་བླངས་སློབ་ཁྲིད་པ་རྣམས་སློབ་ཁྲིད་གནང་ཡུན་རིང་འབྲེལ་ཡོད་སློབ་གྲྭ་ཁག་ནས་བཞུགས་གནས་མགྲོན་ཁང་རིན་མེད་ཐོག་གོ་སྒྲིག་གནང་རྒྱུ།
- ཟླ་བ་གཅིག་རིང་ཟས་དོད་ཧིན་སྒོར་ ༦༠༠༠ ཡོད།
- སློབ་ཁྲིད་མཇུག་བསྒྲིལ་རྗེས་དྭང་བླངས་སློབ་ཁྲིད་པ་རྣམས་ལ་ལེགས་གསོའི་བྱ་དགའ་ཧིན་སྒོར་ ༣༠༠༠ དང་ཕྱག་འཁྱེར་གནང་རྒྱུ།ཐུགས་སྣང་དགོས་རྒྱུ།
- དྭང་བླངས་སློབ་ཁྲིད་པ་རྣམས་ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༢༥ ཉིན་གཅིག་གི་རིང་སྦྱོང་བརྡར་འབུལ་རྒྱུ་ཡིན་པར་བརྟེན་དེ་ཉིན་ཚང་མ་ངེས་བཅར་དགོས་རྒྱུ།
- དྭང་བླངས་སློབ་ཁྲིད་ལས་འཆར་ནང་འཛུལ་ཞུགས་ཆེད་ཚང་སྙན་འབུལ་རྒྱུའི་དུས་ཚོད་མཐའ་མ་ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༣༠ ཡིན།
- དྭང་བླངས་སློབ་ཁྲིད་ལས་འཆར་ནང་མཉམ་ཞུགས་གནང་འདོད་ཡོད་ཚེ་ཤེས་རིག་ལས་ཁུངས་ཀྱི་ཚན་རིག་འགན་འཛིན་ཚེ་རིང་དོན་གྲུབ་ལགས་ལ་གཤམ་འཁོད་དྲྭ་རྒྱ་དང་ལག་ཐོགས་ཁ་པར། ལས་ཁུངས་ཁ་པར་ཐོག་འབྲེལ་གནང་ཡོད་པ་ཞུ།
- དྲྭ་རྒྱའི་ཁ་བྱང་། [email protected] ལག་ཐོགས་ཁ་པར་ཨང་གྲངས། ༠༩༨༨༢༩༦༡༤༤༩ ལས་ཁུངས་ཀྱི་ཁ་པར་ཨང་གྲངས། ༠༡༨༩༢ ༢༢༢ ༥༧༢། ༢༢༢༧༢༡