༢༠༡༤ ཟླ་ ༥ ཚེས་ ༡༤ རེས་གཟའ་ལྷག་པ།
༄༅། །འདི་གར་ངག་དབང་ཐར་པ་ལགས་ཀྱིས་ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༡༤ ཉིན་བཏང་གནས་ནང་འཁོད་དོན། འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡༦ ཉིན་སོག་རྫོང་། ཙན་དན་དགོན་གྱི་གྲྭ་པ་ཆོས་དབྱིངས་སྐལ་ལྡན་ལགས་ཀྱིས་འཕྲིན་ཐུང་ནང་དུ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་རྩོམ་ཡིག་ཅིག་གྲོགས་པོ་ཚོ་དང་དགོན་པའི་ནང་གི་རྒྱ་གཞུང་གི་ལས་དོན་འགོ་ཁྲིད་ཚོའི་ཁ་པར་ནང་དུ་བསྐུར་བར་བརྟེན། རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་སྐབས་དེར་བོད་མིའི་བརྒྱུད་ལམ་ཁག་ཏུ་སྤེལ་ཡོད་པ་དང་། ད་ལྟའང་ཁོང་གང་དུ་བཀག་ཉར་བྱས་ཡོད་མེད་ཤེས་རྟོགས་ཐུབ་ཀྱི་མི་འདུག ཆོས་དབྱིངས་སྐལ་ལྡན་ནི་ (སྐྱ་མིང་ཨ་ཐོག)སོག་རྫོང་གཡག་ལ་ཡུལ་ཚོའི་གཡེག་གུ་གྲོང་གི་ཕ་ལྷ་འཁྱིལ་དང་། མ་འབུམ་བཟང་གཉིས་ཀྱི་བུ་ཡིན་པ་དང་། ད་ལོ་རང་ལོ་༢༠ ཡིན་འདུག དེ་སྔོན་སློབ་གྲྭའི་ནང་ཡོད་སྐབས་བོད་ཡིག་གི་ཤེས་ཚད་ཡག་པོ་ཡོད་པ་དང་། རྟག་ཏུ་མི་རིགས་དང་རིག་གཞུང་ལ་དོ་ཁུར་ཡོད་པའི་རྩོམ་ཡིག་སྤེལ་བཞིན་ཡོད་འདུག དེ་བཞིན་ཁོང་གི་རྒྱ་གཞུང་ལ་ངོ་རྒོལ་གྱི་རྩོམ་ཡིག་ཆེས་མང་པོ་སོག་ཕྲུག་ཅེས་པའི་སྨྱུག་མིང་འོག་སྤེལ་ཡོད་པ་ལས།
ད་ལྟ་ཁག་གཅིག་ཕྱི་ལ་འབྱོར་བ་བྱུང་ཡོད། ཁོང་འཛིན་བཟུང་བྱས་ནས་ཟླ་གཉིས་ལྷག་ཙམ་འགྲོ་བཞིན་ཡོད་ཀྱང་ད་ལྟའི་ཆར་གང་དུ་བཀག་ཉར་བྱས་ཡོད་པ་དང་། ཁྲིམས་ཐག་བཅད་ཡོད་མེད་ཀྱི་གནས་ཚུལ་གསལ་ཁ་གང་ཡང་རག་གི་མི་འདུག་ཅེས་བོད་ནས་མིང་བརྗོད་འདོད་མེད་པ་ཞིག་གི་འགྲེལ་བརྗོད་གནང་། ཕྱི་ལ་འབྱོར་བའི་རྩོམ་ཡིག་ཁག་གཅིག་འདིར་བཀོད་ཡོད།
“ཧམ་པས་རྫུན་མགོ་སྐོར་བའི་དམར་པོའི་ཚོགས། །ཕམ་ཁའི་རླུང་བ་གཡོ་དུས་གཡོ་འཕྲུལ་མང་།།
རྫུན་གཏམ་ཉིན་མཚན་འབྲེལ་བའི་གསར་འགྱུར་ལ། །མཐོང་ཚེ་ང་ཚོ་སྤོབས་པ་ཇེ་ཆེ་རེད།།
ཁ་ལྕེའི་སྨྲ་སྒོ་ཁྱོད་ཀྱིས་དབང་བསྒྱུར་ཡང་། །མི་འགྱུར་སེམས་ཀྱི་གཏད་སོ་བླ་མ་རེད།།
སྐར་ལྔའི་དར་ཆ་གངས་ལ་སྒྲེང་ན་ཡང་། །མི་འགྱུར་གངས་ཀྱི་མཚོན་རྟགས་གངས་སེང་རེད།།
དེང་སྐབས་འཇིག་རྟེན་མང་གཙོས་ཁ་ཕྱོགས་འདི། །རྒྱ་དམར་དཔོན་གྱི་མགོ་བོའི་གཉའ་སྒ་རེད།།
མི་དགོས་དམག་གི་ཞི་བདེའི་རྒྱལ་ཁ་འདི། །གདོང་དམར་མི་རིགས་འདི་ཡི་གཟི་བརྗིད་རེད།།
གངས་དཀར་ལྷུན་པོའི་ལོ་རྒྱུས་རྡོ་རིང་ཐོག །དམར་པོའི་རྐང་རྗེས་བཞག་པ་ལས་ཤིག་རེད།།
དེང་དུས་གོ་ལ་འཕྲིན་གྱི་འཇིག་རྟེན་ལ། །དམར་པོའི་རང་ཚུགས་ཤོར་བ་ལས་ཤིག་རེད།།
སོག་ཕྲུག་ནས།”ཅེས་དང་།
“མཚན་དང་སྙན་གྲགས་དོན་དུ་ཟེར་ཀྱང་ཆོག །མི་ཤེས་འཇོན་མདོག་བྱེད་ཀྱི་གསུང་ཡང་རུང་།།
གདོང་དམར་བོད་པ་ཚང་གི་བདེ་སྡུག་འདི། །མི་འཁྱམས་ཀུན་ལ་བཤད་པའི་དམ་བཅའ་ཡོད།།
བུ་ཆུང་ཤེས་ཡོན་དམན་འདུག་ཟེར་ཀྱང་ཆོག །གང་ཡང་མི་ཤེས་འཁྲུལ་འདུག་གསུང་ཀྱང་ཆོག།
བོད་པ་ཚང་གི་ལས་དབང་ན་ཟུག་འདི། །མི་ཞུམ་གངས་དཀར་རྩེ་ནས་བསྒྲགས་རྒྱུ་ཡིན།།
ང་རང་རང་འདོད་ཆེ་འདུག་ཟེར་ཀྱང་ཆོག །ཀུན་དང་མི་མཐུན་ངན་འདུག་གསུང་ཀྱང་རུང་།།
གངས་ཅན་མི་རིགས་འདི་ཡི་བདེ་དོན་འདི། །སྤོབས་པས་འཛམ་གླིང་བཤད་པའི་དགའ་སྤྲོ་ཡོད།།
རང་ལུས་མེ་མཆོད་འབུལ་བའི་དཔའ་བོ་གཅིག །དྲུག་འགྱུར་དབྱངས་ཀྱི་བདེ་སྡུག་གླེང་མཁན་གཉིས།།
སྨྱུག་སོས་རང་དབང་གླེང་བའི་མཁས་པ་གསུམ། །བུ་ངས་ནམ་ཡང་མ་ཎིའི་མཆོད་པ་འབུལ།།
ང་ཡི་ལུས་འདི་གདོང་དམར་བོད་ལ་དབང་། །ང་ཡི་སེམས་འདི་གདོང་དམར་བོད་ལ་དགའ།།
ལུས་སེམས་བོད་ལ་དབང་བའི་བུ་ཆུང་ང་། །མ་ཤི་ལ་རྒྱའི་ཁུ་ཚུར་ལྷོད་པ་མེད། །སོག་ཕྲུག་ནས།”
“སྐར་ལྔའི་འོག་ན་བོད་པའི་ཡི་བདེ་སྡུག་ཡོད། །སྐར་ལྔའི་འོག་ན་གངས་སེང་གི་རིགས་རྒྱུད་ཡོད།།
སྐར་ལྔའི་འོག་ན་གདོང་དམར་གྱི་རྒྱལ་ཁབ་ཡོད། །སྐར་ལྔའི་འོག་ན་རྨ་མེད་ཀྱི་ན་ཟུག་ཡོད།།
སྐར་ལྔའི་འོག་ན་གངས་དཀར་གྱི་ཕ་གཞིས་ཡོད། །སྐར་ལྔའི་འོག་ན་སྦྲ་ནག་གི་ལོ་རྒྱུས་ཡོད།།
སྐར་ལྔའི་འོག་ན་བཙན་པོ་ཚོའི་རིག་གཞུང་ཡོད། །སྐར་ལྔའི་འོག་ན་དབང་མེད་ཀྱི་མི་རིགས་ཡོད།།
སྐར་ལྔའི་འོག་ན་སྲོལ་རྒྱུན་ལ་རང་དབང་མེད། །སྐར་ལྔའི་འོག་ན་ཆོས་ལུགས་ལ་རང་དབང་མེད།།
སྐར་ལྔའི་འོག་ན་འགྲོ་འོང་ལ་རང་དབང་མེད། །སྐར་ལྔའི་འོག་ན་སྨྲ་སྒོ་ལ་རང་དབང་མེད།།
སྐར་ལྔའི་འོག་ན་བདེན་དཔང་ལ་སྟོབས་ཤུགས་མེད། །སྐར་ལྔའི་འོག་ན་དྲང་བདེན་ལ་རིན་ཐང་མེད།།
སྐར་ལྔའི་འོག་ན་ཤེས་ཡོན་ལ་མདུན་ལམ་མེད། །སྐར་ལྔའི་འོག་ན་ཞི་བདེ་ལ་ཁ་ཕྱོགས་མེད།།
སྐར་ལྔའི་འོག་ན་སྒོར་མོ་ཡི་དེ་རིང་ཉོ། །སྐར་ལྔའི་འོག་ན་གོ་ས་ཡི་སང་ཉིན་ཉོ།།
སྐར་ལྔའི་འོག་ན་དབང་ཆ་ཡི་ཁ་ལོ་བསྒྱུར། །སྐར་ལྔའི་འོག་ན་མིག་ཆུའི་ཁྲོད་རྩོམ་འདི་ཤོར།། སོག་ཕྲུག་ནས།”
“དེང་དུས་ཅ་དངོས་གསར་པའི་རིགས་མང་ཞིང་། །མི་འདོད་འགལ་རྐྱེན་མང་ཞིང་ཁུར་ལྕི་བས།།
ཐུན་(ཐུབ་)བསྟན་རིན་ཆེན་འཛིན་པའི་བཙུན་ཆུང་རྣམས། །མི་འགྱུར་བློ་རྩ་རྡོ་རྗེ་བྲག་ལྟར་བརྟན།།
དེང་དུས་ཕོ་མོ་འདོད་ཆགས་ཆེན་པོས་གཟེར། །ཁྲེལ་མེད་ཆ་ལུགས་ཚོན་ཁྲའི་བྱུག་རྫས་སོགས།།
སྣ་མང་དུག་རྫས་རིགས་དག་སྤྱོད་དགའ་བས། །གདོང་དམར་གཞོན་ནུ་རང་གཤིས་མ་བརྗེད་དགོས།།
དེང་དུས་ང་ཅག་བོད་ཀྱི་འབངས་རྣམས་ལ། །མི་འདོད་འགལ་རྐྱེན་མང་ཞིང་ཁུར་ལྗི་བས།།
བདེ་དོན་རྩོད་ལེན་བྱེད་པའི་དུས་འདི་ལ། །སྤོབ་པའི་སེམས་ཤུགས་མ་འཁུམ་གངས་ཅན་པ།། སོག་ཕྲུག་ནས།”ཅེས་སོགས་བྲིས་འདུག