༢༠༡༤ ཟླ་ ༥ ཚེས་ ༡༥ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༡༥ ཉིན་བཀའ་ཤག་ཚོགས་ཁང་དུ་ལས་བྱེད་གསར་འདེམས་ཀྱིས་ལས་འགན་བཀོད་སྒྲིག་གནང་བ་རྣམས་ལ་བཀའ་ཤག་གིས་རྒྱུས་སྟོན་ཞིག་གནང་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༠༠ ཐོག་བཀའ་དྲུང་ལས་ཚབ་དྲུང་འཕར་ཚེ་རིང་སྟོབས་རྒྱལ་ལགས་ཀྱིས་ཕྱི་ལོ་ ༢༠༡༣ ཕྱི་ཟླ་ ༥ རྗེས་ལས་བྱེད་གསར་འདེམས་ཀྱིས་ལས་འགན་བཀོད་སྒྲིག་གནང་བའི་ལས་བྱེད་གྲངས་ ༢༠ ལ་རྒྱུས་སྟོན་གསུང་བཤད་གནང་དོན། སྤྱིར་བཏང་རྣམ་པ་ཚོར་ང་ཚོ་ལས་ལྷག་པའི་ཟབ་སྦྱོང་གི་གོ་སྐབས་ཐོབ་ཡོད། ཁྲིམས་དང་སྒྲིག་གཞི་གང་ཅིའི་ཐོག་ཉམས་མྱོང་ཡག་པོ་བསགས་ཡོད་ནའང་འཛིན་སྐྱོང་གི་འགྲོ་སྟངས་ཆ་ནས་ལས་བྱེད་གསར་འདེམས་ཀྱིས་ལས་འགན་བཀོད་སྒྲིག་གནང་བ་རྣམས་ལ་རྒྱུས་སྟོན་བྱེད་རྒྱུའི་ལམ་ལུགས་ཤིག་ཕྱིས་སུ་གསར་གཏོད་བྱས་པ་ལྟ་བུ་རེད། རྣམ་པ་ཚོ་ལས་བྱེད་ཁོངས་སུ་ཞུགས་རྗེས་སྒོ་གསུམ་གྱི་སྤྱོད་པ་ཚུན་ཆད་གང་གཟབ་གནང་སྟེ་མ་འོངས་པར་སོ་སོའི་མདུན་ལམ་ཐོག་ཕན་ཐོགས་ཡོད་པ་ཞིག་གནང་དགོས། དེ་ལྟར་གནང་མ་ཐུབ་ན་དཀའ་ངལ་འཕྲད་ཀྱི་རེད། ཁྱེད་རང་ཚོའི་ནང་ནས་རེ་ཟུང་མ་གཏོགས་ཤེས་ཚད་སོགས་གང་ཅིའི་ཐད་ཧ་ཅང་ཡག་པོ་ཡོད་ངེས་རེད། ད་བར་སློབ་སྦྱོང་བྱས་པ་རྣམས་འཇིག་རྟེན་པའི་བྱ་གཞག་ཁོ་ན་རེད། ཆོས་ཕྱོགས་ནས་མངོན་མཐོ་དང་ངེས་ལེགས་ཀྱི་གོ་འཕང་མ་ཐོབ་པའི་བར་དུ་སློབ་སྦྱོང་བྱེད་རྒྱུ་ཡོད་པར་བརྟེན་སློབ་སྦྱོང་ལ་མཐའ་མེད། ད་དུང་མུ་མཐུད་ཧུར་བརྩོན་བྱེད་དགོས།
ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་འོག་ཏུ་ཞབས་སྣེ་ཟིན་པ་བྱེད་དགོས། ང་ཚོ་ཚང་མ་གཞུང་མང་གི་ཞབས་འདེགས་ཞུ་མཁན་ཡིན་བརྗོད་ཀྱི་ཡོད། རྐང་པ་གཉིས་བཙུགས་བྱས་ན་ཕན་ཐོགས་གང་ཡང་མེད། ཐོག་མའི་ཀུན་སློང་གང་ཡོད་པ་དེ་ཐུགས་ལ་བཅང་ནས་ཕྱག་ལས་གནང་རྒྱུ་གལ་ཆེན་པོ་རེད། རྣམ་པ་ཚོས་སྦྱང་པའི་ཡོན་ཏན་དང་། ཤེས་ཚད་ལ་གཞི་བཞག་པའི་ཐོག་ལས་ཁུངས་སོ་སོའི་ནང་ལས་འགན་བཀོད་སྒྲིག་གནང་ཐབས་གང་ཐུབ་འབད་བརྩོན་ཞུས་ཡོད། ལས་ཀ་བྱེད་སྐབས་སེམས་ཀྱི་ཀུན་སློང་ཡག་པོ་ཞིག་འཁྱེར་ན་སྐྱོན་ཡོང་གི་མ་རེད། ཀུན་སློང་བཅོས་མ་ཐུབ་ན་དཀའ་ངལ་ཆེ་ཤོས་རེད། གཞན་ཡང་གོང་རིམ་ནས་བཀའ་འཁྲོལ་ཞུས་ཏེ་ལས་ཁུངས་ནང་གི་ཡིག་ཆ་རྙིང་པ་ཁག་ལ་ལྟ་ཀློག་དང་། སོ་སོའི་ལས་འགན་དང་འབྲེལ་བའི་ཡིག་སྣོད་གང་ཡོད་པ་དེ་དག་ལ་གཟིགས་གནང་རྒྱུ་སོགས་འགོ་མཇུག་བར་གསུམ་ཚང་མར་ཐུགས་སྣང་དགོས། མཐོ་སློབ་ཁག་ནས་ཐོན་ཏེ་སློབ་སྦྱོང་ཡོད་ནའང་དངོས་སུ་ལས་ཀའི་ནང་ཞུགས་སྐབས་ཕྲན་བུ་མི་འདྲ་བ་ཡོད། རྒྱབ་ལྗོངས་དེ་དག་མ་ཤེས་ན་ཕྲན་བུ་ཁག་པོ་ཡོད། ཕྱི་རྒྱལ་རོགས་ཚོགས་ཁག་ལ་ཡིག་འབྲེལ་བྱ་རྒྱུ་ཕུད་པའི་དབྱིན་ཡིག་ཐོག་ཡིག་འབྲེལ་བྱ་རྒྱུ་དཀོན་པོ་རེད། ང་ཚོའི་བརྗོད་བྱ་གཙོ་བོ་བོད་ཡིག་ཐོག་ཡིན་པར་བརྟེན། བོད་ཡིག་ལ་དོ་སྣང་ཤུགས་ཆེ་ཙམ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ང་ཚོས་དབྱིན་ཇིའི་སྐད་ཡིག་མ་ཤེས་ན་ངོ་ཚ་དགོས་དོན་མེད། སོ་སོའི་ལུང་པའི་སྐད་ཡིག་དང་གོམས་གཤིས་ཡག་པོ་མ་ཤེས་ན་ངོ་ཚ་པོ་རེད།
དེ་བཞིན་མི་གཞན་གྱིས་མ་སྐུལ་བར་དུ་དོ་སྣང་མ་བྱས་པར་བཞག་ན་སོ་སོར་གྱོང་རག་གི་རེད། ཕྱིས་སུ་དུས་ཚོད་བཟང་པོ་ཤར་ནས་བོད་དུ་ལོག་དགོས་བྱུང་བ་ཡིན་ན། བོད་ཡིག་དགོས་ཀྱི་རེད་མ་གཏོགས་དབྱིན་སྐད་ཀྱིས་དེ་ཙམ་ཕན་ཐོགས་ཀྱི་མ་རེད། བཙན་བྱོལ་ནང་ཡོད་པའི་བོད་མི་རྣམས་ལས་བོད་ནང་ཡོད་པའི་བོད་མི་ཚོར་བོད་ཡིག་ཧ་ཅང་ཡག་པ་འདུག བོད་ནང་ཡོད་པའི་བོད་མི་ཚོ་བོད་ཀྱི་རིག་གཞུང་སོགས་གང་ཅིའི་ཐོག་དོ་སྣང་ཆེ་བ་འདུག དེ་བཞིན་ཡིག་གཟུགས་ལ་དོ་སྣང་དང་། མདོར་ན་ བྱ་སྤུ་སྣོན་ཞེས་པའི་དཔེ་ལྟར། མིག་དཔེ་ཡར་ལྟ་བྱས་ན་ཁེ་ཕན་སོ་སོར་རག་གི་རེད། ང་ཚོས་སྤྱི་དོན་ཐོག་བསམ་བློ་ཤུགས་ཆེ་ཙམ་བཏང་སྟེ་འགན་ཁུར་ལེན་དགོས་ཞེས་སོགས་རང་གི་ལོ་མང་ལས་ཀའི་མཐོང་མྱོང་ལས་གསུམ་དང་འབྲེལ་བའི་ལམ་སྟོན་གསུང་བཤད་དང་ལས་བྱེད་ཀྱི་བླང་དོར་སྒྲིག་གཞི་ངོ་སྤྲོད་སོགས་ཀྱི་རྒྱུས་སྟོན་གཟབ་རྒྱས་གནང་ཡོད།