༢༠༡༤ ཟླ་ ༥ ཚེས་ ༣༠ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༣༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་མཧཱ་ར་ཤེ་ཊ་(Maharashtra)མངའ་སྡེའི་རྒྱལ་ས་མུམ་བྷེའི་ (Mumbai) ནང་རྒྱ་གར་དད་ལྡན་པ་རྣམས་ལ་ “Living, Loving, Laughing and Dying” ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་༸གོང་ས་མཆོག་སོ་མི་ཡ་མཐོ་སློབ་ཁང་ནང་༸ཞབས་སོར་འཁོད་སྐབས་ཆིབས་སྒྱུར་གསོལ་འདེབས་ཞུ་མཁན་སོ་མི་ཡ་མཐོ་སློབ་ཀྱི་སྦྱིན་བདག་སྐུ་ཞབས་ཀེ་ཇི་སོ་མི་ཡ་ལགས་དང་། བོད་ཀྱི་དུས་སྟོན་གོ་སྒྲིག་གནང་མཁན་བོད་མི་མང་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་དང་དབྱངས་ཅན་སྒྲོལ་དཀར་ལགས་བཅས་ཀྱིས་ལག་ཏུ་དཀར་གཙང་མཇལ་དར་ཐོགས་ཏེ་ཕེབས་བསུའི་སྣེ་ལེན་ཞུས་འདུག དེ་ནས་༸གོང་ས་མཆོག་གིས་ཐོག་མར་མཐོ་སློབ་དེའི་ནང་གོ་སྒྲིག་ཞུས་པའི་བོད་ཀྱི་དུས་སྟོན་གྱི་ཆ་ཤས་སུ་རྟོགས་པའི་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་འགྲེམས་སྟོན་ཚན་པའི་འཕགས་བོད་འབྲེལ་ལམ་དང་། རང་ལུས་མེར་སྲེག་སྐོར་གྱི་པར་རིགས་འགྲེམས་སྟོན་དེ་བཞིན་ཚོགས་པ་གཞན་ཁག་གི་གོ་སྒྲིག་ཞུས་པའི་སྒྱུ་རྩལ་འགྲེམས་སྟོན་སོགས་ལ་ཐུགས་ཞིབ་དང་གཟིགས་སྐོར་བསྐྱངས་ཏེ་མཐོ་སློབ་དེའི་ནང་ཆོས་སློབ་གཉེར་ཚན་པ་དང་། ན་ལེནྡྲ་སློབ་གཉེར་ཚོགས་པ་གཉིས་ཀྱིས་གོ་སྒྲིག་ཞུས་པའི་ཉིན་གྲངས་བཞི་རིང་གི་བཀའ་ཆོས་དབུ་འཛུགས་མཛད།
སྐབས་དེར་ཐོག་མར་མཐོ་སློབ་ཀྱི་སྦྱིན་བདག་ཀེ་ཇི་སོ་མི་ཡ་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས་པ་དང་སྦྲགས།མགོན་པོ་གང་ཉིད་མཆོག་སླར་ཡང་མཐོ་སློབ་དེར་ཆིབས་སྒྱུར་བསྐྱངས་པར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཕྱི་ལོ་ ༡༩༥༩ ལོར་གསར་འཛུགས་གནང་བའི་སོམ་ཡ་ཝིདྱ་ཝི་ཧཱར་ཞེས་པའི་མཐོ་སློབ་དེ་བཞིན་ཁོང་གི་ཕ་མས་ནས་གསར་འཛུགས་གནང་བ་ནས་བཟུང་ད་བར་གྱི་འཕེལ་རིམ་སྐོར་སྙན་སྒྲོན་ཞུས་གྲུབ་བསྟུན། ༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན།
བསྟི་གནས་ཁང་འདི་ལྟ་བུས་མང་ཚོགས་ཕོན་ཆེན་པོར་རོགས་རམ་གནང་ཐུབ་ཀྱི་ཡོད་པར་ངོས་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་ཚོས་སློབ་ཕྲུག་ཚོར་གོ་སྐབས་དང་མཐུན་སྐྱེན་སྦྱར་གྱི་ཡོད། གང་ལྟར་བེད་སྤྱོད་བྱས་མ་བྱེད་སློབ་ཕྲུག་ཁྱེད་རང་ཚོར་རག་ལུས་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ།
དེ་ནས་༸གོང་ས་མཆོག་གིས་དཔལ་ན་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱིས་མཛད་པའི་གཞུང་ཁག་གཞིར་བཞག་ཐོག་མང་ཚོགས་རྣམས་ལ་ནང་ཆོས་ཤེས་པའི་ཐོག་ནས་སྟོན་པའི་མཛད་རྗེས་ངོ་ཁྲོད་དགོས་གལ་ཡིན་པ་དང་། ནང་ཆོས་དེ་ཡང་སྟོན་པས་གསུངས་པ་ལྟར། སྲེག་བཅད། བརྡར་གསུམ་གྱི་ལམ་ནས་བརྟག་དཔྱད་རིམ་པ་བརྒྱུད། རྒྱུ་མཚན་ཤེས་པའི་ཐོག་ངེས་ཤེས་རྙེད་དགོས་པའི་བཀའ་སློབ་སྩལ་ཡོད། དེ་ཡང་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན།
ང་ཚོས་དུས་རབས་ཉེར་གཅིག་པའི་ནང་པ་ཞིག་བྱེད་དགོས། དུས་རབས་ ༢༡ པའི་ནང་པ་བརྗོད་སྐབས་ནང་ཆོས་ལ་དད་པ་ཙམ་གྱི་མི་ཆོག་པར་ནང་པའི་གཞུང་ལུགས་ཆ་ཚང་བར་སློབ་སྦྱོང་ཐར་ཕྱིན་པ་བྱེད་དགོས། དེང་སྐབས་ནང་པ་འགས་ལག་གཉིས་ཐལ་མོ་སྦྱར་ནས་སངས་རྒྱས་ཆོས་དགེ་འདུན་བཅས་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆིའོ་ཞེས་ངག་ནས་སྨོན་ལམ་བརྒྱབ་པ་ཙམ་ལས་ནང་ཆོས་ཀྱི་གོ་དོན་གང་ཡང་མི་ཤེས་པ་དེ་འདྲ་ཡོང་གི་འདུག དེང་རབས་རྒྱ་གར་གྱི་སྤྱི་ཚོགས་ཁྲོད་དུའང་ནང་ཤེས་རྒྱུས་དང་འབྲེལ་བའི་བཟང་པོའི་རིན་ཐང་དེ་དག་ལ་དོ་སྣང་དེ་ཙམ་མ་བྱས་པར་སྣང་མེད་དུ་འཇོག་གི་ཡོད་པའི་ཚོར་སྣང་ཡོང་གི་འདུག ཅེས་སོགས་ཀྱི་བཀའ་སློབ་སྩལ་ཡོད་པ་བཅས།།