༢༠༡༤ ཟླ་ ༥ ཚེས་ ༢༠ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༡༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཇར་མན་གྲོང་ཁྱེར་ཕེ་རེང་ཕོ་ཊིར་ Frankfurt བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ་ཡོད། སྐབས་དེར་ཚོང་པ་དང་སློབ་དགེ། སྒྱུ་རྩལ་བ་སོགས་ཀྱིས་གཙོས་ཁྱོན་མི་གྲངས་ ༨༠ ཙམ་ལ་བཀའ་སློབ་སྩལ་དོན། ངོས་རང་ས་གནས་འདིར་སྡོད་རིང་ཧ་ཅང་སྐྱིད་པོ་བྱུང་། དེར་བརྟེན་གོ་སྒྲིག་ཚོགས་ཆུང་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཞེས་བཀའ་སློབ་སྩལ་རྗེས་ཚོགས་བཅར་བ་རྣམས་ཀྱི་དྲི་བར་བཀའ་ལན་སྩལ། སྐབས་དེར་༸གོང་ས་མཆོག་གིས་ཁོང་ཁྲོས་འཕྲལ་དུ་རང་ཉིད་ནུས་ལྡན་ལྟ་བུར་གྱུར་ཀྱང་ཕུགས་སུ་ཁོང་ཁྲོས་ཕན་རྒྱུ་གང་ཡང་མེད་པ་མ་ཟད། དཀའ་ངལ་སེལ་རྒྱུའི་ཚབ་ཏུ་དཀའ་ངལ་ཆེ་རུ་གཏོང་རྒྱུ་ཡིན་། དེར་བརྟེན་དཀའ་ངལ་དང་གནས་སྟངས་ཇི་འདྲ་ཞིག་དང་འཕྲད་ཀྱང་སེམས་ནང་ཁོང་ཁྲོ་མེད་པར་སེམས་ཞི་བདེ་བག་ཕེབས་ཐོག་ནས་དཀའ་ངལ་རྣམས་ལ་གདོང་ལེན་བྱེད་དགོས་ཞེས་སོགས་ཀྱི་བཀའ་ལན་སྩལ། དེ་རྗེས་ཚོགས་བཅར་བ་ཞིག་གིས་ཆོག་ཤེས་བསྟེན་མ་ཐུབ་པའི་དཀའ་ངལ་ལ་གདོང་ལེན་ཇི་ལྟར་བྱེད་དགོས་སྐོར་གྱི་དྲི་བ་ཞུས་པར་༸གོང་ས་མཆོག་གིས་དེ་ནི་གཙོ་བོ་གནས་སྟངས་ལ་རག་ལུས་ཡོད། གལ་ཏེ་རང་ཉིད་ལ་དངུལ་མང་པོ་དགོས་པའི་འདོད་པ་ཡོད་ན་དེར་ཆོག་ཤེས་བསྟེན་དགོས། གལ་ཏེ་
དབུལ་ཕོངས་ཚོར་རོགས་རམ་ཆེད་དུ་ཡིན་ན་གནས་ཚུལ་ཐ་དད་རེད། ཅེས་བཀའ་ལན་སྩལ།
མཛད་སྒོ་གྲུབ་བསྟུན་ཇར་མན་གཞུང་འབྲེལ་མིན་པའི་ཚོགས་པ་ཇར་མན་མགྲིན་ཚབ་མཐུན་ཚོགས་ The German Speakers Association ཞེས་པ་དེས་ཕྱི་ལོ་ ༢༠༡༤ ལོའི་གོ་ལའི་གཟེངས་རྟགས། Global Award for 2014 ཞེས་པ་༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་ལམ་ཞུས། དེ་རྗེས་སྐུ་ཞབས་ཕ་རན་ཛི་ཨལ་ཊི་ལགས་ Dr Franz Alt ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་འཚོ་བཞུགས་སྐབས་བོད་དུ་ཆིབས་ཞལ་སྒྱུར་ཐུབ་རྒྱུའི་ཐུགས་རེ་མཛད་བཞིན་ཡོད་མེད་སྐོར་གྱི་དྲི་བ་ཞུས་པར་བཀའ་ལན་སྩལ་དོན། གལ་ཏེ་ངོས་རང་ལོ་ལྔ། བཅུ། བཅོ་ལྔ། ཉི་ཤུ་ཙམ་ད་དུང་གསོན་པོར་གནས་ན་བོད་དུ་ཕྱིར་ལོག་ཐུབ་རྒྱུར་ཐེ་ཚོམ་མེད། ཅེས་བཀའ་ལན་མཛད་ཡོད།།