༢༠༡༤ ཟླ་ ༥ ཚེས་ ༡༤ རེས་གཟའ་ལྷག་པ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇར་མན་གྲོང་ཁྱེར་ཕེ་རེངྐ་ཕོར་ཌིའི་ནང་རྟེན་གཞི་བྱས་པའི་ཇར་མན་བོད་ཁང་གིས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་ཐོབ་སྟེ་ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༡༣ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢ པའི་ཐོག་བོད་ཁང་དུ་༸ཞབས་སོར་འཁོད་སྐབས་ཧེ་སེན་ (Hessen) མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཝོལ་ཀར་བྷོ་ཕར་ (Mr. Volker Bouffier) མཆོག་གིས་གཙོས་ཇར་མན་སྲིད་དོན་འགོ་ཁྲིད་རྣམས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག
དེ་ནས་མགོན་པོ་གང་ཉིད་མཆོག་གིས་མངའ་སྡེའི་བློན་ཆེན་མཆོག་ལྷན་རྒྱས་བོད་ཁང་ནང་ཆིབས་སྒྱུར་བསྐྱངས་ཏེ་ཆུ་ཚོད་ཕྱེད་ཀ་ ལྷག་གསུང་མོལ་མཛད་གྲུབ་མཚམས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མངའ་སྡེའི་བློན་ཆེན་མཆོག་དང་བྲག་གཡབ་སྐྱབས་མགོན་མཆོག་དང་ལྷན་ཆིབས་སྒྱུར་གྱིས་གསར་འགོད་པར་བཀའ་སློབ་སྙིང་བསྡུས་ཤིག་ཕེབས་དོན། ངོས་རང་དེ་རིང་བོད་ཁང་ནས་མགྲོན་འབོད་བྱས་པ་ལྟར་འདི་གར་བཅར་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། གང་ལགས་ཞེ་ན། འདིའི་ནང་བོད་ཀྱི་རིག་གཞུང་སྤྱི་དང་ཡང་སྒོས་སེམས་ཁམས་རིག་པའི་སྐོར་ལ་སློབ་སྦྱོང་བྱེད་ཡུལ་གྱི་བསྟི་གནས་ཁང་ཞིག་ཆགས་སྲིད་ངེས་རེད། དེང་སྐབས་ཚན་རིག་པ་མང་དག་ཅིག་གིས་ནང་བསྟན་གྱི་སེམས་ཁམས་རེིག་པས་གཙོས་གནའ་བོའི་རྒྱ་གར་གྱི་སེམས་ཁམས་རིག་པར་ཁ་ཞེ་གཉིས་མེད་ཐོག་ནས་དོ་སྣང་བྱེད་ཀྱི་འདུག དེར་བརྟེན་བསྟི་གནས་ཁང་འདི་ཆོས་ལུགས་ཁོ་ནར་མ་ཡིན་པར་ཞིབ་འཇུག་བྱེད་མཁན་གྱི་བསྟི་གནས་ཁང་ཞིག་ཏུ་འགྱུར་ཐུབ་པའི་རེ་བ་ཡོད། ད་ཆ་བྲག་གཡབ་རིན་པོ་ཆེར་ལས་ཀ་མང་དུ་འགྲོ་གི་རེད། ལྷག་པར་མངའ་སྡེའི་སྲིད་སྐྱོང་མཆོག་གིས་ངོས་རང་བོད་ཁང་དུ་ཕེབས་བསུའི་སྣེ་ལེན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་བཀའ་སློབ་སྩལ་ཏེ་བཞུགས་གནས་མགྲོན་ཁང་དུ་ཆིབས་སྒྱུར་བསྐྱངས་འདུག